མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལ་ཕེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་20ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་ཏུ་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལ་ཕེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་རྒྱལ་ཁབ་གཉིས་ནི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། གཅེན་གཅུང་ཡག་པོ་བཅས་ཡིན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ་ཆུ་ཚད་དེ་བས་མཐོ་བ་དང་དེ་བས་གཉིས་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”་སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་དུ་བསྐྲུན་ཏེ། ཞིང་ནགས་ཉ་ལས་རིགས་དང་། རྨང་གཞིའི་སྒྲིག་བཀོད། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན། གེགས་འགོག་གེགས་སེལ། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ལེགས་ལྡན་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་སྟེ་ཀྲུང་གོའི་ཁེ་ལས་ཕ་ཕུ་ཡ་ཀུའི་ནེ་ཡར་མ་དངུལ་འཇོག་པ་དང་མཉམ་ལས་ལ་སྐྱོད་པར་སྐུལ་མ་གཏོང་འདོད་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་ཡོད་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། དབུལ་པོ་ཉུང་གཏོང་། ཞིང་ལས། གེགས་འགོག་གེགས་སེལ། ཤ་མོའི་རིགས་ཀྱི་ལག་རྩལ། འཕྲལ་སྡོམ་དངོས་ཟོག་སོགས་མཉམ་ལས་ཀྱི་ལས་སྟེགས་ཆེན་པོ་དྲུག་སྤྱད་དེ་གློག་དྲ་དང་། ཤ་མོའི་རིགས་དང་སྔ་སྨིན་འབྲས་ཀྱི་ལག་རྩལ་རོགས་སྐྱོར་སོགས་ཀྱི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་བཏང་སྟེ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན། སྒོ་དབྱེ་ཁོང་ཡངས་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་གསུམ་པ་ཁ་གཏད་དུ་མི་འཛིན་པ་དང་ས་བབ་ཐད་ཀྱི་རྩོད་རེས་ལ་དགའ་པོ་མེད།
     མཱ་ལ་ཕེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། དར་རྒྱས་བརྟན་ལྷིང་བྱུང་བ། མི་འབོར་དུང་ཕྱུར་ལ་ཉེ་བ་དབུལ་སྒྲོལ་བྱུང་ནས། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕ་ཕུ་ཡ་ཀུའི་ནེ་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད།