མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་
ལྕོགས་མུའུ་ཧན་མོ་ཏེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་10ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཉིན་དགུང་། རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་གྲོས་མོལ་གནང་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཉིན་དགུང་། རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་གྲོས་མོལ་གནང་བཞིན་པ།

    འདི་ག་ཚགས་པར་ཁང་དུ་རི་ཡ་ཏེ་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཉིན་དགུང་། རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་གྲོས་མོལ་གནང་བ་རེད།
    དང་ཐོག་མུའུ་ཧན་མོ་ཏེས་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། སོ་ཏི་ཨ་རབ་ནི་ཨ་རབ་རྒྱལ་ཁབ་དང་དབྱི་སི་ལམ་འཛམ་གླིང་གི་ཁོངས་མི་གལ་ཆེན་དང་། འཛམ་གླིང་སྣེ་མང་ཅན་གྱི་རང་ཚུགས་སྟོབས་ཤུགས་གལ་ཆེན། དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་འཐབ་ཇུས་རོགས་ཟླ་གལ་ཆེན་བཅས་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་སོ་རི་ཨ་རབ་དབར་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཟབ་མོ་བྱུང་བའི་ཁྲོད། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བའི་འཐབ་ཇུས་ཀྱི་རང་བཞིན་དང་སྤྱི་ཡོངས་ཀྱི་རང་བཞིན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ཕྱི་འབྲེལ་གྱི་སྤྱི་ཡོངས་དང་ལྷག་པར་དུ་དབུས་ཤར་ས་ཁུལ་གྱི་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བཞག་ཡོད། སོ་ཏི་ཨ་རབ་ཕྱོགས་དང་མི་རིགས་དར་རྒྱས་མངོན་འགྱུར་བྱེད་པའི་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། སོ་ཏི་ཨ་རབ་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་སྐྱོད་པར་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡིན། སོ་ཏི་ཨ་རབ་ཕྱོགས་ཀྱི“2030ལོའི་འདུན་པ”དང“ལྗང་མདོག་དབུས་ཤར”སོགས་འཕེལ་རྒྱས་ཀྱི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པ་མ་ཟད། སོ་ཏི་ཨ་རབ་ཀྱི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་ཧུར་ཐག་ཞུགས་ཏེ་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་སོ་ཏི་ཨ་རབ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྟེགས་བུའི་ཁྲོད་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་དབུ་ཚོགས་དེ་གཉིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཏུ་གྱུར་པར་བྱས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
    མུའུ་ཧན་མོ་ཏེས། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་ཟབ་ལ་མཛའ་གྲོགས་ལྡན་པ་ཞིག་ཡོད། སོ་ཏི་ཨ་རབ་ནི་དབུས་ཤར་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད། ཀྲུང་གོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། སོ་ཏི་ཨ་རབ་ཀྱིས་ཀྱང“2030ལོའི་འདུན་པ”མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་མཐོ་རུ་འགྲོ་བར་ཐུན་མོང་ཐོག་འབད་བརྩོན་བྱེད་ཀྱི་ཡིན། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་གནང་བར་ཕེབས་པ་ནི་སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན་ལ། སོ་ཏི་ཨ་རབ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་འཐོབ་རྒྱུར་སྐུལ་མ་ཐེབས་སྲིད་པ་མ་ཟད། སོ་ཏི་ཨ་རབ་དང་ཀྲུང་གོའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་སྐྲུན་པ་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་དེ་བས་མངོན་འགྱུར་ཐུབ་པའི་ཡིད་ཆེས་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཨ་རབ་དང་ཀྲུང་གོའི་འབྲེལ་བ་དང་མཚོ་ཁུག་ཨ་རབ་དང་ཀྲུང་གོའི་འབྲེལ་བ་སྔར་བས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་མདུན་ལྗོངས་ལ་ང་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད།
    རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཁྲིམས་འཛིན། སློབ་གསོ། ཆིང་གི་ནུས་པ། མ་དངུལ་འཇོག་པ། སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆའི་མ་དཔེ་བརྗེ་རེས་བྱེད་པའི་མཛད་སྒོར་ཞུགས་པ་རེད།
    ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
    གྲོས་མོལ་གྲུབ་རྗེས། ཞི་ཅིན་ཕིང་མུའུ་ཧན་མོ་ཏེས་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།