མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་17ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།《ཏང་གི་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དར་སྤེལ་དང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས》
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་24པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དར་སྤེལ་དང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས》ཞེས་བཀོད་པ་རེད།
     གསུང་རྩོམ་ནང་། ཏང་གི་ཚོགས་ཆེན་བདུན་པར་ཏང་གི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཞིང་། དེ་ཐོག་ནས་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་བཅས་ཀྱི་ཐད་རང་རེའི་ཏང་གནད་སྨིན་འཐུས་ཚང་གི་ཕྱོགས་སུ་བསྐྱོད་པ་དང་ཏང་ཕྱིས་སུ་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ཐད་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་ཡང་དག་པའི་ལམ་བུ་བཏོད་པ་མཚོན་ཡོད། ཡན་ཨན་གྱི་གསར་བརྗེའི་གནས་རྙིང་ལས་ང་ཚོའི་ཏང་གིས་ཡན་ཨན་དུས་སྐབས་སུ་ཀྲུང་གོའི་གསར་བརྗེར་འགོ་ཁྲིད་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་འཚོལ་ཞིབ་བྱས་པར་དཔང་པོ་བྱས་ཡོད་པས་ནམ་ཡང་བཀླགས་མི་ཚར་བའི་དཔེ་དེབ་ཅིག་རེད། དོན་དངོས་དང་ཟུང་འབྲེལ་བྱས་ནས་དབྱང་ཅ་ལིང་གི་གཏམ་རྒྱུད་དང་ཏང་གི་ཚོགས་ཆེན་བདུན་པའི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་ནན་བཤད་གནང་ཡོད།
     གསུང་རྩོམ་ནང་། ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་དང་ཀྲུང་གོ་གསར་པའི་འབྱུང་གནས་རེད། 1935ལོ་ནས་1948ལོའི་བར། ཏང་ཀྲུང་དབྱང་དང་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོས་ཡན་ཨན་དུ་ལོ་13རིང་འཚོ་བ་བསྐྱལ་བ་དང་དམག་འཐབ་གནང་ཞིང་། ཀྲུང་གོའི་གསར་བརྗེའི་བྱ་གཞག་ལ་འགོ་ཁྲིད་གནང་བ་དམའ་རིམ་ནས་མཐོ་རླབས་སུ་སླེབས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་གོའི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་བཏང་ཡོད། ད་རེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་དང་མཉམ་དུ་ཡོང་དོན་ནི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པས་ཡན་ཨན་དུས་སྐབས་སུ་ཏང་ལ་གྲུབ་པའི་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དར་སྤེལ་དང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ཁྱབ་བསྒྲགས་བྱེད་རྒྱུ་དེ་ཡིན་ཞེས་གསུངས་ཡོད།
     གསུང་རྩོམ་ནང་། ཡན་ཨན་གྱི་དུས་སྐབས་སུ་ཆགས་པ་དང་དར་སྤེལ་བཏང་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དང་། སྐྱེད་སྲིང་བྱས་ནས་གྲུབ་པའི་ཡང་དག་ལ་བརྟན་པའི་ཆབ་སྲིད་ཀྱི་ཁ་ཕྱོགས། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་ལས་གཏོད་སྙིང་སྟོབས་བཅས་ནང་དོན་གཙོ་བོར་གྱུར་པའི་ཡན་ཨན་གྱི་སྙིང་སྟོབས་ནི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན་པས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་ཡོད།
     གསུང་རྩོམ་ནང་། ཡང་དག་ལ་བརྟན་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནི་ཡན་ཨན་སྙིང་སྟོབས་ཀྱི་སྙིང་བཅུད་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་གཅིག་ཏུ་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གསར་བརྗེ་པ་རྒན་རབས་ཚོས་གསར་གཏོད་གནང་བའི་བྱ་གཞག་རླབས་པོ་ཆེ་མུ་མཐུད་མདུན་དུ་སྤེལ་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་ངང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ལས་དོན་ཁག་ནང་ཁྱབ་པར་བྱེད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་པ་བྱེད་དགོས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཤིང་། མ་འོངས་པར་ང་ཚོའི་དངོས་པོའི་འཚོ་བ་ཕུན་སུམ་ཇི་ལྟར་ཚོགས་རུང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཅིས་ནས་ཀྱང་དོར་མི་རུང་ལ། ཏན་ཏན་ཏིག་ཏིག་དང་། དཀའ་སྤྱད་འབད་སྒྲུབ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་གནས་སུ་འཛིན་དགོས། གསར་བརྗེ་པ་དང་གུང་ཁྲན་ཏང་མི་རྒན་རབས་ཚོས་བཞག་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ཏེ་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གཏོད་དགོས་ཞེས་གསུངས་ཡོད།
     གསུང་རྩོམ་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འབེབས་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ང་ཚོས་རྒྱང་ལམ་གསར་པར་ཆས་ཏེ་འབད་འཐབ་ཀྱི་དམིགས་ཚད་གསར་པའི་ཕྱོགས་སུ་རྡོག་ཐོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།