མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བསྟན་དོན།“འགག་རྩ་ནི་གདེང་ཚོད་འཕེལ་བ་བྱ་རྒྱུ་དེ་ཡིན”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་19ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     དུས་ཚོད། ཟླ་12ཚེས་15ཉིན་གྱི་སྔ་དྲོ།
     བྱེད་སྒོ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ།
     ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས་ཀྱི་སྐབས་སུ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་དམིགས་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་གནོན་ཤུགས་ཁྲོད་ཞུན་བརྡར་མདུན་སྐྱོད་ཐུབ་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཐེངས་དང་པོ་ཟླ་12ཚེས་15དང་ཚེས་16ཉིན་པེ་ཅིང་དུ་འཚོགས་པ་རེད།
     ལོ་དེར“ང་ཚོས་བསྒྲུབས་པའི་ལས་དོན”ལ་གསེད་བཀྲོལ་བྱེད་སྐབས། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ལས་ཞུགས་བརྟན་པོ་དང་། ཟོག་གོང་བརྟན་པོ། འབྲུ་མཛོད་བརྟན་པོ། དཔལ་འབྱོར་དང་སྤྱི་ཚོགས་དུས་བབ་རྒྱུན་འཁྱོངས་བརྟན་ལྷིང་བཅས་བྱུང་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། གཅེས་འཛིན་ལྡབ་བརྒྱ་བྱེད་འོས་པ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་གྱིས“འཕྲད་པའི་དཀའ་ངལ་མང་པོ་ཡོད། དཀའ་ངལ་ལ་ལ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། འོན་ཀྱང་ང་ཚོས་དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་ཡོད”ཅེས་གསུངས་ཡོད།
     ལམ་ཐག་རིང་ན་ཉེན་ཁ་ཡོད། ཀྲུང་གོའི་དཔལ་འབྱོར་ནི་ཐོག་མ་ཉིད་ནས་འགྲན་སློང་ལས་རྣམ་པར་རྒྱལ་བའི་ཁྲོད་དུ་འཕེལ་རྒྱས་དང་། དྲག་ཆར་རླུང་འཚུབ་ཁྲོད་དུ་འཚར་ལོངས། བརྒྱུད་པའི་ཚོད་བགམ་ཁྲོད་དུ་སྟོབས་ཆེར་ཕྱིན་པ་བཅས་རེད།
     ལོ་ལྔའི་ནང་། དཔལ་འབྱོར་ལོ་རེར་ཆ་སྙོམས་5%ཡན་འཕར་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་ལེགས་པ་ཡོད།
     ལོ་བཅུའི་རིང་། གྲམ་ཐང་སྒྲོལ་བའི་ཉེན་ཁ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་ཀྱི་ཁྲོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།
     ལོ་རྒྱུས་ལ་ཕྱིར་གཟིགས་གནང་གིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོར་སྣང་ཟབ་མོས“དཀའ་ངལ་མི་འཕྲད་པ་ཡོང་སྲིད་དམ། དཀའ་གནད་རེ་རེ་བྱས་ནས་སྒྲོལ་བ་དང་ལོ་རེ་རེ་བཞིན་སྒྲོལ་བར་བརྟེན་ལོ་རེ་རེ་བཞིན་ལེགས་སུ་ཕྱིན་ཡོད། ལོ་ངོ་5000རིང་ཀྲུང་ཧྭ་མི་རིགས་དེ་ལྟར་བྱས་ནས་ཡོང་ཡོད། དཀའ་གནད་ལས་སྒྲོལ་དགོས་ན། འགག་རྩ་ནི་གདེང་ཚོད་འཕེལ་བ་བྱ་རྒྱུ་དེ་ཡིན”ཞེས་གསུངས་ཡོད།
     གདེང་ཚོད་གང་ནས་འཕེལ་བ་བྱེད་དགོས་སམ།
     དུས་བབ་ལ་དབྱེ་ཞིབ་དང་ཉེན་ཁ་དང་གོ་སྐབས་སྟངས་འཛིན་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅིས་འདི་ལྟར་གསུངས་ཡོད།
     “སང་ལོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བསྐྱར་འཕར་ཡོང་རེ་ཡོད་པའི”འཐབ་ཇུས་ཀྱི་ཆོད་འདོམས་དེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་། དགོས་མཁོ། མཁོ་སྤྲོད། མི་ཤུགས་སོགས་ཀྱི་ལེགས་ཆ་མང་དག་ཅིག་ལ་དམིགས་པའི་ཐོག་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་པ་ལས་བྱུང་བ་ཞིག་རེད། “ང་ཚོས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་བརྟན་དུ་གཏོང་དགོས”
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་གྱི་གལ་ཆེའི་གནད་དོན་འགའ་གཙོ་གནད་དུ་བཟུང་ནས་གླེང་གནང་ཡོད། དེ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་དོ་སྣང་བྱེད་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཏེ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག ཕྱི་ཕྱོགས་མ་དངུལ་བསྡུ་ལེན་དང་བེད་སྤྱོད་བྱེད་ཤུགས་དེ་བས་ཆེ་རུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་གལ་ཆེན་འགོག་ཟོན་དང་ཐག་གཅོད་ནུས་ལྡན་བཅས་བྱ་རྒྱུ་དེ་ཡིན།
     བྱ་ཐབས་ཏན་ཏིག་དང་སྲིད་ཇུས་ཁ་གསལ་ལ་ནུས་པ་ལྡན་ཡོད། དཔེར་ན། མིག་སྔར་སྡོད་ཁང་དང་། རླངས་འཁོར། ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་སོགས་ཁྱབ་ཁོངས་སུ་གནས་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཁ་ཤས་ཀྱིས་འཛད་སྤྱོད་དགོས་མཁོ་ཆེ་རུ་གཏོང་བར་འགོག་རྐྱེན་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་གཙོ་གནད་ལ་ཐད་ཀར་དམིགས་ནས“འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བཅས་བྱས་ཏེ་འཛད་སྤྱོད་ཀྱི་གཏིང་ཤུགས་གང་ལེགས་མངོན་པ་བྱེད་དགོས”ཞེས་གསུངས་ཡོད།
     ཡང་དཔེར་ན། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་མིན་ལ། སྐབས་ཤིག་རིང་ཡང་མི་དག་པའི་གཏམ་གླེང་ཁ་ཤས་བྱུང་ཡོད།
     “ངེས་པར་དུ་རྣམ་འགྱུར་གསལ་པོ་འཛིན་དགོས་པ་ལས་ཟ་རི་ཟི་རི་གཏན་ནས་མི་བྱེད་པར། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་དང‘གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས’མཐའ་འཁྱོངས་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཐག་ཆོད་པོས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང‘དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས’ཞེས་ཁ་གསལ་བཏོན་ཡོད། འདི་ནི་ཕུགས་ཀྱི་ཐབས་ཇུས་ཤིག་ཡིན་པ་ལས། སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན”ཞེས་གསུངས་ཡོད།
     “ཏང་གི་འགོ་ཁྲིད་འོག་དམངས་གཉེར་ཁེ་ལས་ཏང་གི་སྲིད་ཇུས་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། ང་ནི་དམངས་གཉེར་ཁེ་ལས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། ལོ་དེ་དག་ནང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ས་གནས་སུ་ལས་ཀ་བྱས་ནས་ཡོང་བ་ཞིག་ཡིན”ཧུའུ་པེས་སྔ་ས་ནས“ཤེས་ལྡན་མི་སྣའི་དོན་ཚན་དགུའི”བྱེད་ཐབས་ལ་བརྟེན་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད། ཧྥུའུ་ཅན་དུ་སླེབས་སྐབས་ཅིན་ཅང་གི་ཉམས་མྱོང་གི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཡང་ཀྲེ་ཅང་དུ་སླེབས་སྐབས་དམངས་གཉེར་ཁེ་ལས་ཁག་གཅིག་འཚར་ལོངས་ཡོང་བར་རྒྱབ་སྐྱོར་གནང་ཡོད། ཀྲུང་དབྱང་དུ་ཕྱག་ལས་གནང་རྗེས། 2018ལོར་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ཚང་མ་ནི་ང་ཚོ་རང་ཉིད་ཀྱི་མི་ཡིན”ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་ཡོད།
     ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་ཁྱབ་བསྒྲགས་གནང་བའི་སྲིད་ཇུས་ཀྱི་ནང་དོན་ཧ་ཅང་ཁ་གསལ་ཡོད་པ་སྟེ། “ལམ་ལུགས་དང་བཅའ་ཁྲིམས་ནས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། སྲིད་ཇུས་དང་གླེང་ཕྱོགས་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས” “དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས” “རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་ལ་དཀའ་གནད་སེལ་རོགས་དང་བྱ་བ་དངོས་བསྒྲུབས་ནས་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་དགོས”
     སྔོན་ཆད་ཀྱི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་སྐབས། ཆར་རླུང་ཁྲོད་ཞུམ་མེད་མདུན་སྐྱོད་བྱས་ཡོད། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་སྐབས། དུས་བབ་བཟང་པོ་ང་ཚོའི་ཕྱོགས་སུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཐབ་ཇུས་ཀྱི་གདེང་ཚོད”སྟེ། “གནོན་ཤུགས་བཟོད་ཐུབ་པ་དང་། ནང་ངོས་ཀྱི་ནུས་པ་ཆེ་རུ་གཏོང་བ། རྐང་པ་བརྟན་པོ་ཚུགས་པ་བཅས་བྱས་ཚེ། སྒྲོལ་མི་ཐུབ་པའི་དཀའ་ངལ་མེད”ཅེས་ནན་བཤད་ཡང་ཡང་གནང་ཡོད།
     རིམས་ནད་ཀྱི་དཀའ་ཚེགས་ཀྱི་མདུན་དུ། ལོ་གསུམ་ནང་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་རྡབ་རྡེག་ཐེངས་ལྔ་ལ་ཁ་གཏད་ནུས་ལྡན་བཅག་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་མཚམས་གསར་པར་སླེབས་པའི་སྐབས་སུ། གང་འདྲ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་དགོས་སམ། “འདི་ནི་ལོ་འདི་དག་རིང་གི་ཆེས་འགག་རྩའི་གནད་དོན་ཞིག་ཡིན” སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུའི་ཐོག“བསམ་བློ་གཅིག་གྱུར་དང་། ཚན་རིག་དང་མཐུན་པའི་ངང་སྔོན་འགོག་དང་ཚོད་འཛིན། གདེང་ཚོད་འཕེལ་བ་བཅས་བྱས་ནས་འདེགས་ཤིང་གི་དོ་སྙོམས་གནས་བཙལ་ཏེ། དུས་བབ་དང་བསྟུན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སུ་གཏོང་དགོས” “སྐྱ་རེངས་མདུན་དུ་ཡོད་པའི་ཡིད་ཆེས་བྱེད་དགོས”ཞེས་མངགས་བཅོལ་གནང་ཡོད།
     གཏན་འཁེལ་ཟིན་པའི་དམིགས་ཚད་འཐབ་ཇུས་ཁྲིད་སྟོན་དུ་བྱས་ནས་གཞུང་འཁྱོངས་གསར་འབྱེད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་ཕུགས་དང་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་ཡོད།
     “སང་ལོའི་དཔལ་འབྱོར་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས་འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་ཏེ། འགལ་ཟླ་གཙོ་བོར་དམ་འཛིན་གྱིས་སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ་བྱ་རྒྱུ་ནས་འགོ་བཙུགས་ཏེ་འགག་རྩའི་ལྷུ་ཚིགས་གལ་ཆེན་ལ་དམ་འཛིན་བྱས་ནས་གོ་རིམ་ལྡན་པའི་ངང་ལས་དོན་ཡག་པོ་སྒྲུབ་དགོས”དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད”ཅེས་གསུངས་ཡོད།