མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལུའོ་ཡིས་ཀྲུང་ནེའུ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་
བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་24ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དབར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལུའོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནེའུ་ཙི་ལན་ནི་ཕན་ཚུན་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་ནེའུ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་ནས“ཨང་དང་པོ”མང་པོ་བཏོད་ཡོད། ཀྲུང་ནེའུ་ཡི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ངས་ཀྲུང་ནེའུ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཏུའུ་ཅི་ལུའོ་དང་མཉམ་དུ་འབད་བརྩོན་བྱས་ནས་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ནེའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་ཏུ་བཅུག་འདོད་ཡོད་ཅེས་གསུངས་པ་རེད།
     ཅི་ལུའོ་ཡིས་ནེའུ་ཀྲུང་གི་འབྲེལ་བ་ནི་ནེའུ་ཙི་ལན་གྱི་ཕྱོགས་གཉིས་པོའི་འབྲེལ་བའི་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ནེའུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཡུན་རིང་འགྲོ་འོང་ལོ་རྒྱུས་ལ་མཐོང་ཆེན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དབར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནེའུ་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ནེའུ་ཙི་ལན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ནེའུ་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
    ཨ་ཏེ་ཨེན་གྱིས་ནེའུ་ཙི་ལན་གྱིས་ཀྲུང་གོ་འདི་ཉིད་ས་ཁུལ་དར་རྒྱས་དང་བརྟན་ལྷིང་གི་འགག་རྩའི་ཆ་ཤས་ཤིག་ཏུ་བརྩི་གི་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་སྐབས་འདིར། ནེའུ་ཙི་ལན་གྱིས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཉོ་ཚོང་དང་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐད་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
    (བདེ་སྐྱིད་དབང་མོ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)