མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་28ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་སྐབས། སྔར་བས་དམིགས་ས་ཡོད་པའི་སྒོ་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ། ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ལོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ལོ་70ཡི་རིང་། ཏང་གི་འགོ་ཁྲིད་འོག་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་། འགོ་ནད་ཚབས་ཆེན་གྱི་རིམས་ནད་ལ་ཁ་གཏད་ནུས་ལྡན་གཅོག་པ། སྤྱི་ཚོགས་ཀྱི་བདེ་ཐང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། རྒྱལ་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ། ལས་ཀའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ལས་ཀ་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བཅས་བྱས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རང་རྒྱལ་གྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། སྔར་བས་དམིགས་ས་ཡོད་པའི་སྒོ་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྩ་འཛུགས་ཀྱི་དགེ་མཚན་དང་མང་ཚོགས་སྐུལ་སློང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་འགུལ་ངང་བདེ་ཐང་གི་ཤེས་བྱ་སློབ་སྦྱོང་དང་། བདེ་ཐང་གི་རྩལ་ནུས་ཁོང་དུ་ཆུད་པ། མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་འཇགས་པ། ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་བ། ཤེས་དཔལ་དང་བདེ་ཐང་གི་ཁོར་ཡུག་ཆུང་ཆུང་ཁྲི་སྟོང་མང་པོར་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཚོགས་ཀྱི་འགོག་སྲུང་འཛིང་རགས་ཆེན་པོ་བསྐྲུན་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་དོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ལོ་70ཡི་རིང་། ཕན་འབྲས་གཟེངས་སུ་ཐོན་པའི་མང་ཚོགས་རང་བཞིན་གྱི་འཕྲོད་བསྟེན་བྱེད་སྒོ་སྤེལ་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད་པས་དེ་ནི་དམངས་ཕན་འདུ་འགོད་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལམ་སྲོལ་དང་ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བདེ་ཐང་སློབ་གསོ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། མིག་སྔར་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་སུ་གཏོང་བའི་བྱ་ཐབས་དག་གོ་རིམ་ལྡན་པའི་ངང་དོན་འཁྱོལ་དང་སྐུལ་འདེད་བཏང་སྟེ། ལེགས་ཆ་འདོན་སྤེལ་བྱས་ནས་ཕྱོགས་ཁག་གི་ཚན་རིག་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་སྨན་པ་བསྟེན་པ་དང་རིམས་འགོག་མཁོ་ཆས་ཀྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་དགོས།
     རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་རང་རེའི་ཏང་གིས་མང་ཚོགས་ལམ་ཕྱོགས་དེ་འཕྲོད་བསྟེན་ནད་འགོག་ལས་དོན་ཐད་སྤྱད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད། ལོ་70ཡི་རིང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱིས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་མང་པོས་མཉམ་ལས། སྤྱི་ཚོགས་ཡོངས་ཞུགས་པ་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང“འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོ”འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་པས་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།