མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་པེ་ནི་ནའི་ཙུང་ཐུང་ཐཱ་ལུང་གིས་ཀྲུང་པེའི་དབར་འབྲེལ་བ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་31ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་12ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པེ་ནི་ནའི་ཙུང་ཐུང་ཐཱ་ལུང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་སླར་གསོ་བྱུང་སྟེ་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། འབྲེལ་བ་སླར་གསོ་བྱུང་ནས་དུས་རབས་ཕྱེད་ཀ་ཙམ་གྱི་རིང་། ཀྲུང་པེ་ཕྱོགས་གཉིས་པོ་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་ཡིན་ཞིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། མིག་སྔར་ཀྲུང་པེ་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་བ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ངས་ཀྲུང་པེ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཐུང་ཐཱ་ལུང་དང་མཉམ་དུ་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་སྤེལ་ནས། ཀྲུང་པེ་དབར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཐཱ་ལུང་གིས། རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་སླར་གསོ་བྱུང་ནས་ལོ་ངོ་50སོང་རིང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་ལ་ང་རང་བློ་ཡིད་ཚིམ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབད་བརྩོན་བྱས་ནས་གསོན་ཤུགས་ཀྱིས་ཁེངས་ལ་སྔར་བས་སྲ་བརྟན་གྱི་པེ་ཀྲུང་གི་འབྲེལ་བ་གཏོད་འདོད་ཡོད། པེ་ཀྲུང་མཉམ་ལས་ནི་སྲ་བརྟན་འགྱུར་མེད་ཅིག་ཡིན་པས། གྲུབ་འབྲས་སྔར་བས་ཆེ་བ་ཐོབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།