མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་2023ལོའི་ལོ་གསར་གྱི་ཤིས་ཚིག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་01ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2023ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2023ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2022ལོའི་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2023ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ། 
     ལྷན་རྒྱས་སྐུ་ཁམས་བཟང་། 2023ལོ་འཆར་ལ་ཉེ་བའི་མཚམས་འདིར། ངས་པེ་ཅིང་ནས་ཚང་མར་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
     2022ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ལ། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་དུང་བརྡ་ཡང་གྲགས་ཡོད། 
     རང་རྒྱལ་གྱིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་གནས་བབ་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཤིང་། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་སྟེ་ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་ཁྲི་120ལས་བརྒལ་རྒྱུ་རེད། གོ་ལ་ཧྲིལ་པོར་འབྲུ་རིགས་ཀྱི་ཉམས་ཉེན་འཕྲད་པའི་མདུན་དུ། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བཅུ་དགུ་བསྟུད་མར་ལོ་ལེགས་བྱུང་སྟེ། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་ཡོད། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཁྲལ་རིན་གཉིས་གཅོག་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད།
     རིམས་ནད་ཐོན་ཚུན་ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་མཐའ་འཁྱོངས། དུས་བསྟུན་བབ་བསྟུན་ངང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་སྨན་དོན་མི་སྣ་དང་གཞི་རིམ་གྱི་ལས་དོན་པས་དཀའ་ངལ་ལ་མ་འཛེམས་པར་དཔའ་ངར་ཆེན་པོས་ལས་གནས་བརྟན་པོ་བསྲུངས་ཤིང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་སྔ་ན་མེད་པའི་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་དུས་འདིར་ཚང་མར་དཀའ་ངལ་དུ་མ་འཕྲད་ཡོད། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་དུས་མཚམས་གསར་པར་སླེབས་ཡོད་ལ་སྔར་བཞིན་དཀའ་ཚེགས་ཆེ་བའི་དུས་ཤིག་ཀྱང་ཡིན་པས། ཚང་མས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་བཞིན་ཡོད་ལ། རེ་བའི་སྐྱ་མདའ་གཏོང་ཉེར་ཡོད། ཚང་མས་མུ་མཐུད་ཤུགས་བརྒྱབ་སྟེ། མཐའ་འཁྱོངས་ནི་རྒྱལ་ཁ་དང་མཐུན་སྒྲིལ་ནི་རྒྱལ་ཁ་ཡིན།
     2022ལོར་བློ་མཐུན་ཅང་ཙེ་མིན་ང་ཚོ་དང་གཏན་དུ་བྲལ་ཞིང་། ང་ཚོས་ཁོང་གི་རླབས་ཆེ་བའི་མཛད་རྗེས་དང་བླ་ན་མེད་པའི་སྤྱོད་བཟང་ལ་རྗེས་དྲན་ཟབ་མོ་ཞུས་པ་དང་། ཁོང་གིས་འཇོག་གནང་མཛད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ལ་གཅེས་སྤྲས་བྱེད་བཞིན་ཡོད། ང་ཚོས་ཁོང་གི་ཐུགས་འདུན་རྒྱུན་འཛིན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། 
     ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཟིལ་རླབས་དགུང་དུ་འཕྱུར། མི་རབས་མང་པོས་འབད་འཐབ་ཀྱིས་ད་ཆའི་ཀྲུང་གོ་བཏོད། 
     དེང་གི་ཀྲུང་གོ་ནི་ཕུགས་འདུན་གཅིག་རྗེས་གཉིས་མཐུད་ངང་མངོན་འགྱུར་བྱུང་བའི་ཀྲུང་གོ་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཞིང་། གངས་འཁྱགས་ལུས་རྩལ་པས་འགྲན་རར་ངོམ་ཆོག་པའི་གྲུབ་འབྲས་བཏོད་པ་དང་། ལྷ་གྲུ་ཨང་བཅུ་གསུམ་པ་དང་། ཨང་བཅུ་བཞི་པ། ཨང་བཅོ་ལྔ་པ་བཅས་གཅིག་རྗེས་གཉིས་མཐུད་ངང་བར་སྣང་དུ་འཕུར་ཞིང་། ཀྲུང་གོའི་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། ང་ཚོའི“བར་སྣང་ཁམས་ཀྱི་ཁྱིམ་གཞིས”དགུང་སྔོན་དབྱིངས་སུ་རྒྱུ་བ། མི་དམངས་དམག་དཔུང་བཙུགས་ནས་ལོ་ངོ་95འཁོར་བ་དང་རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རླབས་པོ་ཆེ་སྒྲུབ་པའི་རྒྱང་སྐྱོད་ལམ་བུར་མགྲིན་པ་གཟེངས་སུ་བཏེགས་ནས་མདུན་དུ་སྐྱོད་པ། གནམ་ཐང་གྲུ་གཟིངས་གསུམ་པ“ཧྥུའུ་ཅན་རྟགས་ཅན”སྤྱོད་འགོ་ཚུགས་པ་དང་། C919རྟགས་ཅན་གྱི་གནམ་གྲུ་ཆེ་གྲས་དང་པོ་རྩིས་སྤྲད་པ། པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ་སོགས། འདི་དག་ཐམས་ཅད་ལ་མི་གྲངས་ལས་འདས་པའི་དཀའ་སྤྱད་རྔུལ་ཆུ་འདུས་ཡོད། མེ་སྟག་འདུས་པ་ལས་དཔལ་འབར་བྱུང་བ་འདི་ནི་ཀྲུང་གོའི་སྟོབས་ཤུགས་རེད།
     དེང་གི་ཀྲུང་གོ་ནི་སྐྱེ་སྟོབས་རྒྱས་ཤིང་གསོན་ཤུགས་ཀྱིས་ཕྱུག་པའི་ཀྲུང་གོ་རེད། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཁག་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དར་རྒྱས་གོང་འཕེལ་འགྲོ་བ་དང་། མཚོ་རྒྱུད་ས་ཁུལ་ཁག་གིས་འཚང་ཁ་ཤིག་ཤིག་ངང་གསར་གཏོད་བྱེད་པ། དབུས་ནུབ་ས་ཁུལ་གྱིས་འཕེལ་རྒྱས་མགྱོགས་སུ་གཏོང་བ། བྱང་ཤར་དར་རྒྱས་ཀྱི་སྟ་གོན་ལེགས་པར་བྱེད་པ། མཐའ་མཚམས་ས་ཁུལ་གྱིས་མཐའ་དར་དམངས་ཕྱུག་ལ་འབད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། གདིང་ཤུགས་ཆེ་བ། གསོན་ཤུགས་འདང་ངེས་བཅས་ཡོད་པས་ཡུན་རིང་ལེགས་པོ་ཡོང་བའི་གཞི་རྩའི་རྣམ་པར་སྔར་བཞིན་འགྱུར་བ་ཕྱིན་མེད། མུ་མཐུད་སེམས་ཤུགས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ཚེ། ང་ཚོའི་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད། ད་ལོ་ང་རང་ཤང་ཀང་ལ་ཕྱིན་པ་ཡིན། ཤང་ཀང་བཅོས་སྐྱོང་ནས་དར་རྒྱས་ཕྱོགས་སུ་འཕོ་འགྱུར་བྱུང་བ་མཐོང་སྐབས་དགའ་བ་དཔག་མེད་སྐྱེས་བྱུང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་ཡག་པོ་བྱས་ཚེ། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་ངེས་རེད།
     དེང་གི་ཀྲུང་གོ་ནི་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱུང་བའི་ཀྲུང་གོ་རེད། ལོ་འདིར་ས་ཡོམ་དང་། ཆུ་ལོག ཐན་པ། རི་མེ་སོགས་རང་བྱུང་གནོད་འཚེ་དང་བདེ་འཇགས་ཀྱི་དོན་རྐྱེན་ཁག་གཅིག་ཐོན་ནས་མི་རྣམས་ལ་སེམས་ཁྲལ་དང་སྡུག་བསྔལ་མང་པོ་བྱུང་མོད། འོན་ཀྱང་བདེན་པའི་ཆེད་དུ་རང་སྲོག་བློས་གཏོང་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་རྣམ་པ་མི་སེམས་འགུལ་བར་བྱེད་པ་ཞིག་ཡིན་ཞིང་། དཔའ་བོའི་མཛད་རྗེས་དུས་ནམ་ཡང་ང་ཚོའི་སྙིང་དབུས་སུ་གནས་ངེས་རེད། ལོ་རྙིང་པ་ཕར་ལ་བསྐྱལ་ཅིང་ལོ་གསར་པ་ཚུར་ལ་བསུ་བའི་དུས་སུ། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ནང་རྒྱུན་འཛིན་བྱས་པའི་གཞུང་སེམས་རྣམ་དག་ཡིད་ལ་ལྷང་ངེར་འཆར་ཞིང་། དེ་ལས་མདུན་སྐྱོད་ཀྱི་སེམས་ཤུགས་ཆེས་ཆེར་འཕེལ།
     དེང་གི་ཀྲུང་གོ་ནི་འཛམ་གླིང་དང་འབྲེལ་བ་དམ་ཞིང་ཟབ་པའི་ཀྲུང་གོ་རེད། ལོ་འདིར་ངས་པེ་ཅིང་ནས་གྲོགས་པོ་གསར་རྙིང་མི་ཉུང་བར་བསུ་བ་ཞུས་ཡོད་ལ། ཕྱི་རྒྱལ་དུའང་ཕྱིན་ནས་ཀྲུང་གོའི་འདོད་ཚུལ་བརྗོད་པ་ཡིན། ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་འགྲོ་བ་དང་འཛམ་གླིང་ཞི་བདེ་དེ་ཙམ་མེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ལ་གཅེས་སྤྲས་དང་། ཐོག་མཐའ་བར་གསུམ་དུ་གྲོགས་པོ་དང་རོགས་ཟླར་གཅེས་འཛིན། བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་འབུལ་བར་འབད་བརྩོན་བྱེད་བཞིན་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ང་དང་ལས་རོགས་ཚོ་མཉམ་དུ་ཡན་ཨན་དུ་ཕྱིན་ཏེ། ཏང་ཀྲུང་དབྱང་གིས་ཡན་ཨན་དུས་སྐབས་སུ་འཛམ་གླིང་ན་མཐོང་དཀོན་པའི་དཀའ་ཚེགས་ལས་རྣམ་པར་རྒྱལ་བའི་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། གུང་ཁྲན་ཏང་ཡོན་རྒན་རབས་པ་རྣམས་ཀྱི་བསམ་པའི་སྟོབས་ཤུགས་ཉམས་སུ་མྱངས་པ་ཡིན། དཀའ་ཚེགས་ཀྱི་ཁྲོད་དུ་སྙིང་སྟོབས་ལ་ཞུན་བརྡར་ཐུབ་ཅེས་ངས་རྟག་ཏུ་བརྗོད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་ནང་དྲག་ཆར་རླུང་འཚུབ་བརྒྱུད་པ་དང་ཚེར་མའི་ལམ་བུ་བརྒལ་བའི་བརྒྱུད་རིམ་ནི་ཇི་འདྲའི་དཀའ་ཚེགས་ཆེ་ལ་རླབས་ཆེ་བ་ཞིག་རེད་ཨང་། ང་ཚོས་མུ་མཐུད་མདུན་དུ་སྐྱོད་པ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་འབྱུང་འགྱུར་གྱི་ཀྲུང་གོ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས།
     འབྱུང་འགྱུར་གྱི་ཀྲུང་གོར་འབད་འཐབ་བྱས་ནས་ངོ་མཚར་གཏོད་དགོས། ལས་ཀ་དཀའ་བ་དེ་སྒྲུབ། དམིགས་ཚད་རིང་བ་དེར་སྙེག་ཅེས་སུའུ་ཧྲིས་གསུངས་པའི་བསྟན་དོན་ནི་གང་ཞིག་དཀའ་ཚེགས་ཆེ་བའི་གནད་དེ་གཏོར་ཐུབ་པར་བྱེད་དགོས་པ་དང་། གང་ཞིག་རྒྱང་རིང་བའི་དམིགས་ཚད་དེ་འབད་པར་བརྟེན་ནས་མངོན་འགྱུར་ཐུབ་པར་བྱེད་དགོས་ཞེས་པ་འདི་རེད། ལམ་ཐག་རིང་ཡང་བསྐྱོད་ན་སླེབས། དཀའ་ཚེགས་ཆེ་ཡང་བསྒྲུབས་ན་འགྲུབ། ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་དང་། ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པའི་སྙིང་རུས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་བྱས་ན། ལེ་དབར་སྟོང་ཕྲག་ནི་གོམ་པ་རེ་རེ་བཞིན་སྤོས་ནས་སླེབས་པ་བཞིན་བརྗིད་ཆེའི་དམིགས་ཚད་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་ཐུབ་ངེས་རེད།
     འབྱུང་འགྱུར་གྱི་ཀྲུང་གོར་སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་། ཀྲུང་གོ་ཆེན་པོ་འདི་འདྲ་ཞིག་ཡོད་པས་མི་མི་འདྲ་བར་རེ་འདུན་མི་འདྲ་བ་ཡོང་སྲིད་ལ། དོན་དག་གཅིག་ལའང་ལྟ་ཚུལ་མི་འདྲ་བ་ཡོང་སྲིད། འདི་ནི་རྒྱུན་གཏན་ཞིག་རེད། འབྲེལ་གཏུག་གྲོས་མོལ་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས། ཀྲུང་གོ་བ་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་བསམ་བློ་གཅིག་ལ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་བྱས་ཚེ། སྒྲུབ་མི་ཐུབ་པའི་དོན་དག་མེད་ལ་འཛེག་མི་ཐུབ་པའི་ལའང་མེད། མཚོ་འགག་གཡས་གཡོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ཁ་ཕྱོགས་གཅིག་ཏུ་སྐྱོད་པ་དང་། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཇི་སྲིད་བར་གྱི་ཕན་བདེ་མཉམ་དུ་སྐྲུན་པའི་རེ་བ་སེམས་གཏིང་ནས་བྱེད་ཀྱི་ཡོད།
     འབྱུང་འགྱུར་གྱི་ཀྲུང་གོར་རེ་བ་གཞོན་ནུར་བཅོལ་ཡོད། གཞོན་ནུ་དར་ན་རྒྱལ་ཁབ་དར། ཀྲུང་གོ་འཕེལ་རྒྱས་གཏོང་དགོས་ན་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་དགོས། གཞོན་ནུ་སྐྱེ་སྟོབས་འབར། ལང་ཚོས་རེ་བ་སྦྱིན། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་འཆང་བ་དང་། ཡར་རྒྱས་བརྩོན་ལེན་གྱི་སྤྱོད་བཟང་རྒྱུད་ལ་འཇགས་པ། འབད་འཐབ་ཀྱིས་ལང་ཚོའི་དཔལ་འབར་བ་བཅས་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས། 
     དུས་འདི་དང་མཚམས་འདིར། མི་མང་པོ་ཞིག་ད་དུང་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱེད་བཞིན་ཡོད། ཚང་མ་སྐུ་ལས་ཁག་སོང་། ལོ་གསར་པའི་ཅོང་བརྡ་གྲགས་ལ་ཉེ། ང་ཚོས་འབྱུང་འགྱུར་ལ་བཅངས་པའི་རེ་སྨོན་བཟང་པོ་ལས་2023ལོའི་ཉི་ཟེར་དང་པོ་མཉམ་དུ་བསུ།
     མེས་རྒྱལ་དར་རྒྱས་མངའ་ཐང་རྒྱས་པ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་ཞུ། འཛམ་གླིང་ཞི་བདེ་དང་མཛེས་སྡུག་ལྡན་པ་དང་བདེ་སྐྱིད་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུ། ཚང་མ་ལོ་གསར་ལ་སྤྲོ་པོ་ཡོང་བ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།
     ཐུགས་རྗེ་ཆེ།