མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ཏུའུ་ཝུའེ་ལན་སི་དང་ཀྲུང་ཨན་དབར་
ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་03ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་གིས་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུའུ་ལང་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་1ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ཏུའུ་ཝུའེ་ལན་སི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། ཨན་ཐི་ཀྭ་དང་པ་པུ་ཏ་ནི་ཅ་ལེ་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་ཨན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བདེ་བླག་བྱུང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། མི་དམངས་དབར་གྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་ཨན་གྱིས་ཕན་ཚུན་ལྟ་སྐྱོང་དང་ཕྱར་བ་གྲུ་འདེགས་ཀྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ངས་ཀྲུང་ཨན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཏུའུ་ཝུའེ་ལན་སི་དང་མཉམ་དུ་འབད་བརྩོན་གྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་ཀྲུང་ཨན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     ཝུའེ་ལན་སིས། ཨན་ཐི་ཀྭ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པར་ཧ་ཅང་དགའ་པོ་བྱུང་། དེ་ནི་ཨན་ཀྲུང་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད། ཨན་ཐི་ཀྭ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་གྱི་ད་ཡོད་འབྲེལ་བ་བཟང་པོར་སྲུང་སྐྱོང་དང་ཤུགས་སྣོན་རྒྱག་པར་མུ་མཐུད་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུའུ་ལང་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཞིང་། ལི་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ནས་ཨན་ཐི་ཀྭ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་ཀྲུང་ཨན་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།