མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ལུའུ་ལཱ་ཡིས་པར་ཙིར་གྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་05ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་དབྱི་སི·དབྱི་ན་ཤིས་ཨའོ·ལུའུ་ལཱ·ཏ་ཤིར་ཝ་ལ་འཕྲིན་ཡིག་སྤྲིངས་ནས། ཁོང་གིས་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་པར་ནི་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། ཕན་ཚུན་གཉིས་ཀ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད་ལ། ཐུན་མོང་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་བཞིན་ཡོད། ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་བཙུགས་ནས་ལོ་48སོང་རིང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་གཏིང་ཟབ་བྱུང་ནས་ཉིན་བཞིན་འཐུས་སྒོ་ཚང་དུ་དང་འཁྲུག་ཆ་དོད་དུ་ཕྱིན་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ནས་ཕུན་སུམ་ཚོགས་པའི་ནང་དོན་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ལྡན་ཡོད། ངས་ཀྲུང་པར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རང་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་པར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།