མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་06ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དམངས་འཚོའི་ཚོང་ཟོག་གལ་ཆེན་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་སོགས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ། མང་ཚོགས་ཀྱི་འཚོ་བ་དང་ཁེ་ལས་ཀྱི་ཐོན་སྐྱེད་དགོས་མཁོ་འགན་ལེན་བྱེད་པ་དང་། གཙོ་གནད་དམངས་འཚོའི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས་མང་ཚོགས་དཔྱིད་གསར་དུས་ཆེན་ཡག་པོ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
   ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་ཟོག་གོང་བརྟན་པོ་རྒྱུན་འཁྱོངས་བྱུང་བ་དང་། འབྲུ་རིགས་དང་ནུས་རྒྱུ་སོགས་མཁོ་སྤྲོད་བརྟན་པོ་ཡོང་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དེས་དཔལ་འབྱོར་བརྟན་པོ་དང་དམངས་འཚོ་འགན་ལེན་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ་དང་། དམངས་འཚོའི་ཚོང་ཟོག་གལ་ཆེན་དང་། སྨན་བཅོས་དངོས་ཟོག ནུས་རྒྱུ་སོགས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་སྔར་བས་ཤུགས་སྣོན་བརྒྱབ་ནས། དཔྱིད་གསར་དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་རྒྱུ་འགན་ལེན་བྱེད་པ་དང་། མང་ཚོགས་ཀྱི་སྨན་བཅོས་སྨན་རྫས་ཀྱི་དགོས་མཁོ་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་ནས“ཟ་འབྲུ”ཧྲེང་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དང“ཤ་ཚལ་སྒོང་གསུམ”ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་སྔར་བས་དོན་འཁྱོལ་བྱེད་པ་དང་། དུས་ཐོག་ཏུ་ཚོང་རའི་བཀོད་སྒྲིག་ཡག་པོ་བྱེད་པ། ཐུམ་སྒྲིལ་ཆུང་ངུའི་འབྲུ་སྣུམ་གྱི་རིགས་ཕུན་སུམ་ཚོགས་སུ་གཏོང་བ། ལྷོ་ཕྱོགས་ཀྱི་སྔོ་ཚལ་བྱང་ཕྱོགས་སུ་འདྲེན་པ་དང་ནུབ་ཕྱོགས་ཀྱི་ཤིང་འབྲས་ཤར་ཕྱོགས་སུ་འདྲེན་པར་ཤུགས་སྣོན་རྒྱག་པ། གསོག་འཇོག་དང་སྙོམས་སྒྲིག་ལུགས་མཐུན་བཅས་བྱེད་པ་དང་དུས་མཚུངས་སུ་དམངས་འཚོའི་ཚོང་ཟོག་གལ་ཆེན་གཞན་དག་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། དཔྱིད་རྨོད་དཔྱིད་གྲབས་དང་རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་འགན་ལེན་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས། འབྲུ་རིགས་ཐོན་སྐྱེད་ལ་སྔར་བས་དམ་འཛིན་ཏན་ཏིག་བྱེད་པ་དང་ཟོག་གོང་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། གཉིས་ནས་ཐབས་བརྒྱ་ཇུས་སྟོང་གིས་སྨན་བཅོས་དང་རིམས་འགོག་དངོས་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ནས། གཙོ་གནད་ཁེ་ལས་ལ་གསལ་ཐོ་བཟོས་ཏེ་ཐེག་ཚད་མཐོ་ཤོས་ཀྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པ་དང་། ཐོག་མའི་རྒྱུ་ཆ་མཁོ་སྤྲོད་དང་། ལས་མི་སྤྱོད་པ། མ་དངུལ་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ནས། ཐོན་སྐྱེད་དང་མཁོ་སྤྲོད་མཚམས་མི་ཆད་པའི་འགན་ལེན་བྱེད་དགོས། སྨན་རྫས་སོགས་སྨན་བཅོས་དངོས་རྫས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་བཅོས་སྒྲིག་གཞི་དང་། ཁྱིམ་སྡོད་ནད་པ། རྒན་གསོ་ཁང་། གྲོང་གསེབ་ས་ཁུལ་སོགས་ཀྱི་དགོས་མཁོ་འགན་ལེན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགན་ལེན་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་ཚུད་པའི་སྨན་པ་བསྟེན་པ་དང་སྨན་རྫས་ཀྱི་འགྲོ་གྲོན་རྩིས་ཞུ་བྱེད་དགོས་རིགས་རྩིས་ཞུ་བྱེད་དགོས། གསུམ་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་དགོས། རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ་དང་། རྡོ་སོལ་དང་གློག་ཤུགས་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ནུས་རྒྱུའི་ཁེ་ལས་ཀྱིས་དུས་ཆེན་རིང་བདེ་འཇགས་དང་རྒྱུན་གཏན་ངང་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ནུས་རྒྱུ་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གློག་ཤུགས་དང་རང་བྱུང་སོལ་རླངས་ཀྱི་རྩེར་སོན་མཁོ་སྤྲོད་འགན་ལེན་གྱི་སྔོན་ཇུས་ཡག་པོ་བཟོ་བ། དམངས་འཚོའི་ནུས་སྤྱོད་འགན་ལེན་བཅས་བྱས་ནས། གཙོ་གནད་ས་ཁུལ་དང་། ལས་རིགས། ཁེ་ལས་བཅས་ཀྱི་ནུས་རྒྱུ་སྤྱོད་པའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།