མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི་ཙུང་ཐུང་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་08ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཏུར་མེན་སི་ཐན་གྱི་ཙུང་ཐུང་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ།

ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཏུར་མེན་སི་ཐན་གྱི་ཙུང་ཐུང་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཏུར་མེན་སི་ཐན་གྱི་ཙུང་ཐུང་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཏུར་དབར་གྱི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་བའི་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་རེས་ནི་ཁྱེད་ཀྱིས་ཙུང་ཐུང་གི་འགན་བཞེས་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་རེད་ལ། དེ་རིང་ནི་ཀྲུང་ཏུར་དབར་ཕྱི་འབྲེལ་བཙུགས་པའི་དྲན་གསོའི་ཉིན་མོ་ཡང་རེད། ང་ཚོས་ཀྲུང་ཏུར་དབར་གྱི་འབྲེལ་བའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཇུས་གཞི་བཀོད་དེ་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་བའི་ཁྱབ་བསྒྲགས་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཏུར་མེན་སི་ཐན་བསྐྱར་དར་གྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་ཏུར་རྒྱལ་ཁབ་གཉིས་པོའི་འདུ་ཤེས་གཅིག་མཐུན་ཡིན་པ་དང་། དམིགས་ཚད་གཅིག་མཚུངས་ཡིན་པ། ཁེ་ཕན་འབྲེལ་ནས་ཡོད་པས་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཕན་ཚུན་ལེགས་ཆ་གསབ་རེས་དང་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་ཏུར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་ཀྲུང་ཏུར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཏུར་རྒྱལ་ཁབ་གཉིས་པོས་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དོན་ནི་ཕན་ཚུན་བརྩི་འཇོག་དང་། ཟོལ་མེད་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་དེ་བས་ལེགས་པའི་སྒོ་ནས་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་དོ་ཁུར་ལ་ལྟ་རྟོག་བྱེད་པ། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་རེད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་བརྩི་འཇོག་བྱེད་དགོས། རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་མགྱོགས་སུ་གཏོང་བ་དང་། ཀྲུང་ཏུར་མཉམ་ལས་ཨུ་ལྷན་སོགས་ལམ་སྲོལ་གྱི་ནུས་པ་གང་ལེགས་འདོན་པ། མཉམ་ལས་བྱེད་རྒྱ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་གི་མཉམ་ལས་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འདེགས་སྐྱོར་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་གསར་པ་དང་འགྲན་སློང་གསར་པར་ཕྱོགས་སྐབས་ཕྱོགས་གཉིས་པོས་ཁྲིམས་འཛིན་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་མཉམ་ལས་ཟབ་ཏུ་བཏང་ནས“ངན་ཤུགས་གསུམ”ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ངེས་རེད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་དང་། མི་ཆོས་རིག་གནས་ཀྱི་མཉམ་ལས་བྱེད་པ། མི་དམངས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ནུས་རྒྱུའི་མཉམ་ལས་སྔོན་ལ་རྒྱ་ཆེར་གཏོང་དགོས། རང་བྱུང་སོལ་རླངས་ཀྱི་མཉམ་ལས་ནི་ཀྲུང་ཏུར་འབྲེལ་བའི་རྨང་རྡོ་ཡིན་པས་རང་བྱུང་སོལ་རླངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་ཀྲུང་ཏུར་ཕྱོགས་གཉིས་པོའི་འཐབ་ཇུས་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་པོས་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལག་བསྟར་མགྱོགས་སུ་གཏོང་བ་དང་ཆབས་ཅིག་ལྗང་མདོག་ནུས་རྒྱུ་དང་། རང་བྱུང་སོལ་རླངས་བེད་སྤྱོད། ལག་རྩལ་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཕྱོགས་ཡོངས་ནས་སྔོག་འདོན་བྱས་ཏེ་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་གཏོད་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ནས《དཔལ་འབྱོར་འབྲེལ་བ་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་ཀྲུང་ཏུར་སྲིད་གཞུང་གི་མཉམ་ལས་འཆར་འགོད》དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་བའི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ཆེ་བའི་ཀྲུང་གོའི་མ་དངུལ་ཁེ་ལས་དེ་བས་མང་བས་ཏུར་མེན་སི་ཐན་ལ་མ་དངུལ་བཞག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་འགྲོ་འོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏོག་གསར་རིམས་ནད་ཐོན་ཚུན། ཀྲུང་ཏུར་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཧུར་ཐག་བྱས་པ་ལས། ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་གྱི་མཉམ་ལས་འདུ་ཤེས་གང་ལེགས་མངོན་ཡོད། ཕྱོགས་གཉིས་པོས་སྨན་བཅོས་འཕྲོད་བསྟེན་མཉམ་ལས་དང་དེ་བཞིན་སྲོལ་རྒྱུན་གྱི་གསོ་རིག་ཁྱབ་ཁོངས་ཀྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཏུར་མེན་སི་ཐན་དུ་སྲོལ་རྒྱུན་གྱི་གསོ་རིག་ལྟེ་གནས་མགྱོགས་པོ་འཛུགས་དགོས། མི་ཆོས་རིག་གནས་ཀྱི་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་བ་དང་ཕན་ཚུན་རིག་གནས་ལྟེ་གནས་འཛུགས་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ལུའུ་པན་གྱི་བཟོ་ཁང་སྔ་ཙམ་སྐྲུན་དགོས། གསར་འགྱུར་དང་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་2023ནས་2024ལོའི་བར་ཀྲུང་ཏུར་དབར་ཕན་ཚུན་རིག་གནས་ལོའི་བྱེད་སྒོ་ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏོ་ཕུའུ་ཡིས། ཏུར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་31འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་འདིར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱེད་པའི་གོ་སྐབས་རག་པར་ཧ་ཅང་དགའ་པོ་བྱུང་། ཏུར་ཀྲུང་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གནའ་བོའི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོ་དམ་པོར་འབྲེལ་ཡོད། ཕྱི་འབྲེལ་བཙུགས་ཚུན་དང་ལྷག་པར་དུ་2013ལོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་ལོ་10ཡི་ཚུན་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་རིམ་པ་མང་བའི་སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་པ་དང་མཛའ་གྲོགས་འབྲེལ་བ་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
     གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏུར་མེན་སི་ཐན་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་གནང་ནས“རྒྱུད་གཅིག་ལམ་གཅིག”དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། འཕྲོད་བསྟེན། རིག་གནས། ལུས་རྩལ། གསར་འགྱུར་སྨྱན་སྦྱོར། རང་བྱུང་སོལ་རླངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པར་དཔང་པོ་གནང་བ་རེད།