མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ཙེ་མན་བརྙན་ལམ་ནས་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་11ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ཙེ་མན་བརྙན་ལམ་ནས་ཞལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་10ཡི་ནང་ང་ཚོ་ཐེངས་མང་ཐུག་འཕྲད་དང་ཁ་པར་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སོགས་སྤེལ་རེས་གཏིང་ཟབ་བྱས་ཏེ་ཀྲུང་ཅེའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་འགྱུར་ཡོད། ང་ཚོས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་མི་སྣ་འགྲོ་འོང་ལ་ཐུན་མོང་སྐུལ་འདེད་བཏང་བས། ཅེ་ཁེས་ཀྲུང་གོར་ཕྱིར་གཏོང་བྱས་པའི་དངུལ་འབོར་ལྡབ་གཉིས་ཙམ་འཕར་བ་དང་2019ལོར་ཅེ་ཁེར་ཡུལ་སྐོར་དུ་སྐྱོད་མཁན་ཀྲུང་གོའི་མི་ཐེངས་2013ལོ་ལས་250%འཕར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཅེའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་དང་ཅེ་ཁེ་འཐབ་ཇུས་ཀྱི་རོགས་ཟླ་གལ་ཆེན་དུ་བརྩིས་ནས། ཅེ་ཁེ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དེས། ཅེ་ཁེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་མཁོ་འདོན་ཐུབ་ངེས་རེད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་པ་མང་བ་དང་སྤུས་ཚད་མཐོ་བའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། གསབ་རེས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་གཉིས་ཁེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དངོས་སྒྲུབ་ཀྱི་བྱེད་ཐབས་དེ་བས་མང་བ་བཏོན་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། ཅེ་ཁེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་དེ་བཞིན་ཀྲུང་ཡོའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་བྱེད་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཙེ་མན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅེ་ཀྲུང་འབྲེལ་བར་གནང་བའི་གདེང་འཇོག་ལ་ང་རྦད་དེ་མོས་མཐུན་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་མཛའ་གཅུགས་ལ་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དཔལ་འབྱོར་ཚོང་དོན་གྱི་མ་འཇོག་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ། མི་སྣ་འགྲོ་འོང་སླར་གསོ་བཅས་བྱས་ནས་ཅེ་ཀྲུང་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་འདོད་ཡོད། ཅེ་ཁེ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།