མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་རྣམ་གཉིས་ཀྱིས་ཀྲུང་ཨན་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་14ཉིན། 16:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་40སོང་རིང་། ཀྲུང་ཨན་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་བསྐྱངས་ནས་མཉམ་དུ་མདུན་སྐྱོད་བྱས་པ་མ་ཟད། ད་དུང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བསམ་ཤེས་དང་རྒྱབ་སྐྱོར་ཡང་བྱས་ཡོད། མིག་སྔར་ཀྲུང་ཨན་འབྲེལ་བའི་འཕེལ་ཕྱོགས་ཡག་པོ་ཡོད་ལ། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ངས་ཀྲུང་ཨན་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ལོ་ལུན་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བ་གོ་སྐབས་སུ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། དམངས་ཁྲོད་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བརྒྱུད་ཀྲུང་ཨན་འཐབ་ཇུས་རོགས་ཟླའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་གསུངས་པ་རེད།
     ལོ་ལུན་སོས། ཕྱི་འབྲེལ་བཙུགས་ཚུན། ཨན་ཀྲུང་འབྲེལ་བ་མུ་མཐུད་འཕེལ་རྒྱས་སོང་ནས་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། གྲུབ་འབྲས་དེའང་ཡིད་ཚིམ་པ་ཞིག་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་འཛིན་པའི་ལྟ་ཚུལ་གཅིག་མཚུངས་རེད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་མཉམ་སྤྱོད་གཉིས་ཕན་གྱི་འབྱུང་འགྱུར་གཏོད་པ་དང་། ཐུན་མོང་ཡར་བརྩོན་དང་། དར་རྒྱས། གོང་འཕེལ་མངོན་འགྱུར། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་པ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།