མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཕན་ཚུན་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་16ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་14ཉིན་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་སྲོལ་རྒྱུན་དུས་ཆེན་ཏེ། ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཕན་ཚུན་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     རྟེན་འབྲེལ་འཕྲིན་ཡིག་ནང་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་དཔྱིད་གསར་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།
     ཞི་ཅིན་ཕིང་གིས། 2022ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་འགག་རྩའི་དོན་སྙིང་ལྡན་པའི་ལོ་ཞིག་རེད་ལ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་བཏོན་ཡོད། ཝེ་ཐེ་ནམ་མི་དམངས་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད། བློ་མཐུན་རོན་ཧྥུའུ་ཀྲུང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་མི་རིང་བར་ཀྲུང་གོར་འཚམས་འདྲི་གནང་བ་དང་ཕྱོགས་གཉིས་པོས《ཀྲུང་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་ང་ཚོར་རྒྱ་ཁྱབ་ཏུ་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ལ་དམ་འཛིན་བྱེད་བཞིན་ཡོད་པས་དེས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་གྲོགས་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ལོ་གསར་པ་འགོ་ཚུགས་པས་རྣམ་པ་ཐམས་ཅད་གསར་པར་གྱུར། 2023ལོར་རྒྱང་ལྟ་བྱེད་སྐབས་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་འབྲེལ་གཏུག་དམ་ཟབ་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་འཇོག་པའི་ཁ་ཕྱོགས་སུ་བརྩི་གི་ཡོད། ཝེ་ཐེ་ནམ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་འཕྲིན་ཡིག་ཏུ། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཉི་ཤུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེ་ནི་ཀྲུང་གོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཧ་ཅང་གལ་ཆེ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤུན་ཟླ་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་དམིགས་ཚད་དང་འདུན་པ་ཁག་ལེགས་པར་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་དཔུང་སྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     རོན་ཧྥུའུ་ཀྲུང་གིས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་རབ་དང་རིམ་པའི་སྣེ་ཁྲིད་འོག་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ང་དང་ཝེ་ཐེ་ནམ་གྱི་ཏང་སྲིད་མཐོ་རིམ་འཐུས་མི་ཚོགས་པས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་ལམ་སེང་དངོས་སུ་ཀྲུང་གོར་འཚམས་འདྲིར་བསྐྱོད་པ་དང་འབྲེལ་ལེགས་གྲུབ་ཀྱང་ཡག་པོ་བྱུང་སོང་། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྷན་དུ་ཕྱོགས་གཉིས་པོའི་སྡེ་ཚན་ཁག་དང་ས་གནས་ཁག་ལ་འཚམས་འདྲི་བྱེད་རིང་བཞག་པའི་གྲོས་མཐུན་དང་བྱུང་བའི་ངོས་འཛིན་གཅིག་མཐུན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་མཛུབ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་འཐབ་ཇུས་ཀྱི་འབྲེལ་གཏུག་བྱས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་འབྲེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་འཐབ་ཇུས་ཀྱི་འཆར་འགོད་བཟོ་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ། སྤུན་ཟླ་ཀྲུང་གོའི་མི་དམངས་ལོ་གསར་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་ཞེས་གསུངས་པ་རེད།