མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁོ་སི་ཐ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཁོ་སི་ཐ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁོ་སི་ཐ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་སུའོ་ལི་སི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་རྒྱལ་ཁབ་གཉིས་བར་ཕན་ཚུན་འདྲ་མཉམ་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་ཁྱབ་བསྒྲགས་གནང་བ་དང་། ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་བྱ་རྒྱུའི་འཁོར་ལོ་གཉིས་ལྟ་བུ་འདི་དམ་འཛིན་བྱས་ཏེ་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་གོང་ནས་གོང་དུ་འཕེལ་བར་སྣེ་ཁྲིད་བྱ་རྒྱུར་མོས་མཐུན་གནང་བ་རེད། 
         ཞིས་ཅིན་ཕིང་གིས་ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་རྒྱལ་ཁབ་གཉིས་ཡུན་རིང་མཛའ་མཐུན་ཡོང་བ་དང་ཐུན་མོང་དུ་འཕེལ་རྒྱས་གཏོང་རྒྱུའི་ཁ་ཕྱོགས་ཆེན་པོ་དམ་པོར་བཟུང་སྟེ་ཕན་ཚུན་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱ་དགོས། མཐོ་རིམ་བར་འབྲེལ་གཏུག་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་བར་དང་། ཁྲིམས་འཛུགས་ལས་ཁུངས་བར། སྲིད་ཏང་བར་མཛའ་མཐུན་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་གཉིས་བར་མཉམ་ལས་བྱེད་པར་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བར་བྱ་དགོས་ཞེས་བསྟན་གནང་བ་རེད།
         སུའོ་ལི་སི་ཡིས་ཁོ་སི་ཐ་རི་ཁའི་ཕྱོགས་ཀྱིས་ཁོ་སི་ཐ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཁོ་སི་ཐ་རི་ཁའི་ཕྱོགས་ཀྱི་དཔལ་འབྱོར་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཕྱིར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཐབ་ཇུས་ཀྱི་ནང་དོན་སྔར་ལས་མང་བ་སྣོན་པ་དང་། ཕྱོགས་གཉིས་བར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་བར་ཚན་རྩལ་སློབ་གསོ་དང་། མ་དངུལ་འཇོག་པ། རྨང་གཞིའི་སྒྲིག་བཀོད་ལ་སོགས་པའི་ཐད་མཉམ་ལས་ཇེ་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།