མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཐའེ་ཝན་ཕུའུ་ཤིན་མཁའ་འགྲུལ་གྱི་གནམ་གྲུ་ལྷུངས་པའི་དོན་རྐྱེན་
ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་06ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་4ཉིན་གྱི་ཆུ་ཚོད་10དང་སྐར་མ་56ལ་ཐའེ་ཝན་ཕུའུ་ཤིན་གྱི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུATR—72ཐའེ་པེའི་བྱང་རྒྱུད་ནས་ཅིན་མོན་དུ་འཕུར་སྐབས་ཐའེ་པེ་གྲོང་ཁྱེར་དང་ཤིན་པེ་གྲོང་ཁྱེར་མཚམས་ཀྱི་ཅི་ལུང་གཙང་པོའི་ནང་ལྷུངས་ཤིང་། གནམ་གྲུའི་ཐོག་མི་58ཡོད་པའི་ནང་ནས་སྐམ་ས་ཆེ་མོའི་ཡུལ་སྐོར་བ་31ཡོད་པ་རེད། ཚེས་4ཉིན་གྱི་ཆུ་ཚོད་19ཡི་སྐབས་སུ་ལས་འཛོལ་དེའི་ནང་མི་23ཤི་བ་དང་། མི་15རྨས་པ། མི་20གར་སོང་ཆ་མེད་དུ་གྱུར་ཡོད།
        ལས་འཛོལ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མགྱོགས་མྱུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་འབྲེལ་ཡོད་གནས་ཚུལ་མགྱོགས་མྱུར་ཁོང་དུ་ཆུད་པ་བྱས་ཏེ་རྨས་མ་སྐྱོབ་རྒྱུ་དང་། ནང་མིར་སེམས་གསོ་གཏོང་རྒྱུ། རྗེས་མཇུག་སོགས་ཀྱི་ལས་དོན་ཐད་རོགས་རམ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་འབྲེལ་ཡོད་ཕྱོགས་ཀྱིས་ཐའེ་ཝན་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནམ་གྲུའི་ཐོག་ཡང་སྙིང་འགྲུལ་པ་ཇི་ཙམ་ཡོད་མེད་ཀྱི་གནས་ཚུལ་ལ་མགྱོགས་མྱུར་ཞིབ་དཔྱད་བྱེད་པ་དང་། དགོས་ངེས་ཀྱི་རོགས་རམ་མཁོ་འདོན་བྱེད་དགོས་པ་དང་ཆབས་ཅིག་སྐམ་ས་ཆེ་མོའི་ཡུལ་སྐོར་བའི་ནང་མིར་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། སེམས་གསོ་གཏོང་བ། རྗེས་མཇུག་སོགས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུའི་བླང་བྱ་བཏོན་གནང་བ་རེད།