མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སི་ཁྲོན་ཞིང་ཆེན་གྱི“གཤམ་སྐྱོད་གསུམ”གྱི་བྱེད་སྒོ་བོད་རིགས་ས་ཁུལ་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

“ཉིན་ཤས་གོང་ཞིང་ཆེན་གྱི‘གཤམ་སྐྱོད་གསུམ’ང་ཚོའི་གྲོང་རྡལ་དུ་སླེབས་རྒྱུ་ཡིན་པ་ཐོས་པས་ངས་འོ་མ་བསྐྱལ་རྗེས་ཡོང་བ་ཡིན། རྩལ་རྩེད་འཁྲབ་སྟོན་ལྟད་མོ་ཧ་ཅང་ཆེན་པོ་འདུག ང་ནི་བ་ཕྱུགས་འཚོ་མཁན་ཡིན་པས་ཕྱུགས་ཟོག་གསོ་ཚགས་ཐད་ཀྱི་དཔྱད་ཡིག་དང་འབྲོག་རྩྭའི་ས་བོན་བླངས་པ་དང་རིགས་གཅིག་མཁས་ཅན་གྱི་ཁ་པར་ཨང་གྲངས་ཀྱང་རག་བྱུང”ཞེས་གཙོ་ཚང་དགོན་གྲོང་རྡལ་རིན་སྤུངས་གྲོང་ཚོའི་འབྲོག་པ་ཟླ་བ་གྲགས་པས་དེ་ལྟར་བཤད།
         ཟླ་6ཚེས་30ཉིན་གྱི་སྔ་དྲོ་སི་ཁྲོན་ཞིང་ཆེན་གྱི་2015ལོའི་(དབྱར་དུས)རིག་གནས་ཚན་རྩལ་འཕྲོད་བསྟེན“གཤམ་སྐྱོད་གསུམ”སྟེ། “དགའ་སྤྲོའི་ངང་བོད་རིགས་ས་ཁུལ་དུ་སྐྱོད”དང“བཅའ་ཁྲིམས་ཕྱོགས་བདུན་ལ་ཁྱབ་གདལ་གཏོང་བའི”བྱེད་སྒོའི་ཡན་ལག་རུ་ཆུང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་དུ་འབྱོར་ནས་ཞིང་འབྲོག་པར་རིག་རྩལ་འཁྲབ་སྟོན་དང་། འོས་འགན་སྐོར་སྐྱོད་བརྟག་བཅོས། བཅའ་ཁྲིམས་བློ་འདྲི་དང་། ཚན་རྩལ་དངོས་ཟོག་མཁོ་འདོན་བཅས་བྱས་ཡོད། གཙོ་ཚང་དགོན་གྲོང་རྡལ་ཙམ་མ་ཟད་ད་རེས་ཀྱི“གཤམ་སྐྱོད་གསུམ”གྱི་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་གྱི་རྔ་པ་ཀྲོའུ་དང་། དཀར་མཛེས་ཀྲོའུ། ལིའང་ཧྲན་ཀྲོའུ་བཅས་ཀྱི་རྫོང་9རུ་ཁྱབ་པ་རེད། ཟླ་6ཚེས་28ཉིན་ནས་བཟུང་རིག་རྩལ་ལས་དོན་པ་དང་། ལུས་རྩལ་ལས་དོན་པ། སྨན་དོན་མི་སྣ། བཅའ་ཁྲིམས་ལས་དོན་པ། ཞིང་ལས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་སོགས་200ཙམ་གྱིས་ཡན་ལག་རུ་ཁག་ཆུང་ངུའི་རྣམ་པའི་ཐོག་ནས་བོད་རིགས་ས་ཁུལ་གྱི་ཤང་དང་གྲོང་རྡལ་དང་། འབྲོག་པའི་གཞིས་ཆགས་ཁུལ། དགོན་སྡེ་བཅས་སུ་བསྐྱོད་དེ་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུས་པ་རེད།
         ནད་བསྟེན་དཀའ་བ་དང་སྨན་ཡོན་མཐོ་བའི་དཀའ་ངལ་བསལ་ནས་ཞིང་ཆེན་སྨན་པས་ཞིང་འབྲོག་པར་སྨན་ཡོན་མི་དགོས་པར་གཤག་བཅོས་བྱས་པ།
         རྔ་པ་ཀྲོའུ་རྔ་པ་རྫོང་མི་དམངས་སྨན་ཁང་དུ་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་པ་ལེ་ཁྲུན་ཐའོ་ཡིས་ནད་པ་19ལ་བསྟུད་མར་སྨན་ཡོན་མི་དགོས་པར་སྐྱ་འགྲིབ་གཤག་བཅོས་བྱས་པ་རེད།
         ད་རེས་ཀྱི“གཤམ་སྐྱོད་གསུམ”གྱི་བྱེད་སྒོའི་དུས་འགོར་དྲིལ་བསྒྲགས་རྒྱ་ཁྱབ་པས་ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་གིས་ནམ་རྒྱུན་ཐོ་འགོད་བྱས་པའི་ཐོ་ཡིག་གི་མིང་ཐོ་ལྟར་སྐྱ་འགྲིབ་ནད་པ་རེ་རེར་བརྡ་ཐོ་བཏང་བ་རེད། ཟླ་6ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག་འཕགས་པ་སྐྱབས་ཀྱིས་ལོ་ན་83ལ་སླེབས་པའི་ཨ་མ་ཁྲ་རྡེ་འཁྲིད་དེ་སྤྱི་ལེ་15ཡི་ལམ་ཐག་བརྒྱུད་རྫོང་སྨན་ཁང་དུ་འབྱོར་དུས་ཚོམས་ཆེན་དུ་སྔ་པོ་ནས་གྲལ་སྟར་རིང་པོ་བསྒྲིགས་འདུག འོན་ཀྱང་སྡོད་བརྟག་སྨན་པས་ལྟ་ཞིབ་བྱས་པ་བརྒྱུད་ལམ་སེང་ཁོ་ཚོར་ཞིབ་བཤེར་ཁག་བྱས་པ་དང་སྤྱིའི་འགྲོ་གྲོན་སྒོར་530ཟིན་ལ་ཁྲ་རྡེ་ཉིད་ཚེས་28ཀྱི་གཤག་བཅོས་མིང་ཐོའི་ནང་བཅུག་ཁར་སོ་སོས་དངུལ་སྐར་མ་གང་ཡང་སྤྲོད་མི་དགོས་པ་བྱུང་ཡོད།
         རྔ་པ་རྫོང་སྨན་ཁང་དུ་མིག་ནད་ཚན་ཁག་བཙུགས་མེད་ནའང་སྐྱ་འགྲིབ་ནད་དེ་ས་མཐོའི་ཡུལ་གྱི་བགྲེས་སོང་ཚོའི་རྒྱུན་མཐོང་ནད་ཡིན། དེའི་ཕྱིར་ཡུལ་དེ་གའི་མང་ཚོགས་ཀྱིས་སྨན་པ་བསྟེན་ཚེ་ལམ་ཐག་རིང་པོ་བརྒྱུད་ནས་རྔ་པ་ཀྲོའུ་སྲིད་གཞུང་གནས་ཡུལ་འབར་ཁམས་རྫོང་ངམ་ཡང་ན་དེ་ལས་རིང་བའི་ས་ཆར་བསྐྱོད་དགོས་ཀྱི་ཡོད། “གལ་སྲིད་ཞིང་ཆེན་གྱི་སྨན་ཁང་དུ་སྨན་བཅོས་བྱས་ཚེ་འགྲོ་གྲོན་སྒོར་6000ཙམ་དགོས་པ་དང་ཞག་སྡོད་དང་ལམ་རིན་སོགས་དེའི་ནང་ཚུད་མེད། རྔ་པ་རྫོང་ནས་ཁྲེང་ཏུའུ་རུ་བསྐྱོད་པའི་འགྲུལ་འཁོར་དུ་ཆུ་ཚོད་9འགྲོ་དགོས་ལ་ཁྱིམ་ཚང་ཕལ་ཆེ་བར་ཞིང་ཆེན་དུ་སྨན་བཅོས་བྱེད་པར་འགྲོ་རྒྱུའི་ཆ་རྐྱེན་མེད”ཅེས་ལེ་ཁྲུན་ཐའོ་ཡིས་བརྗོད་ཅིང་། ཁོང་གིས“ང་ཚོའི་ད་རེས་ཀྱི་གཤག་བཅོས་ནི‘མ་དངུལ་གཏོང་ཉུང་བ་དང་། དུས་ཡུན་ཐུང་བ། ཕན་འབྲས་ཐོན་མྱུར་བ’དེ་ཡིན། ཁ་སང་ནད་བརྟག་གཏན་འཁེལ་གྱི་ཆ་རྐྱེན་ལྡན་པ་དང་དེ་རིང་གཤག་བཅོས་བྱས་ཚེ། སང་ཉིན་བསྐྱར་དུ་འོད་སྣང་མཐོང་ཐུབ”ཅེས་བཤད།
         འཕགས་པ་སྐྱབས་ཀྱིས“ང་ཚོའི་ཁྱིམ་གྱི་འཁོས་ཀ་ཞན། ད་རེས་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྱིས་སྨན་ཡོན་མི་དགོས་པར་གཤག་བཅོས་བྱས་པར་དངོས་འབྲེལ་ཐུགས་རྗེ་ཆེ་ཞུ”ཞེས་བཤད།
         རྫོང་ཁག་གི་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་སྒྱུ་རྩལ་སྒོ་འགྲམ་དུ་འཁྲབ་སྟོན་བྱས་པ།
         ཟླ་6ཚེས་28ཉིན་གྱི་ཕྱི་དྲོ་ལྟད་མོ་བ་400ཚ་གདུག་ཁྲོད་རྔ་པ་རྫོང་ལན་ཆིའུ་སྤོ་ལོ་ཐང་དུ་འཛོམས་ཏེ་གོ་རིམ་ལྟར་སི་ཁྲོན་ཅིན་ཆང་ལན་ཆིའུ་སྤོ་ལོ་རུ་ཁག་གི་ལུས་རྩལ་པ་4ཡི་རུ་མིའི་ལྭ་བའི་ཨང་རྟགས་བོས་ཏེ་ཁོ་ཚོར་ཐུར་འཛུད་འཁྲབ་སྟོན་བྱ་རྒྱུའི་རེ་བ་བཏོན། དེ་གོང་ཁོ་ཚོ་དང་རྫོང་གི་རུ་ཁག་ལུས་རྩལ་པའི་དབར་མཛའ་མཐུན་འགྲན་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།
         “ང་ཚོའི་རྫོང་དུ་ཞིང་འབྲོག་པ་དང་། སློབ་མ། ཡང་ན་དགེ་འདུན་པ་བཅས་སུ་ཡིན་རུང་ལན་ཆིའུ་སྤོ་ལོ་རྒྱག་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་ཐུར་འཛུད་མཐོང་མྱོང་མེད། ད་རེས་ཞིང་ཆེན་གྱི་ཕོ་གསར་ཁ་ཤས་ཀྱི་ཐུར་འཛུད་འཁྲབ་སྟོན་བྱས་པས་ལྟད་མོ་ཆེན་པོ་འདུག སླད་ཕྱིན་ཁོ་ཚོ་རྟག་པར་ཡོང་རྒྱུའི་རེ་བ་ཡོད”ཅེས་རྔ་པ་རྫོང་གི་ཁེར་རྐྱང་བཟོ་ཚོང་ཚོང་བདག་ཅིག་གིས་བཤད།
         ཟླ་6ཚེས་30ཉིན“གཤམ་སྐྱོད་གསུམ”གྱི་གཙོ་ཚང་དགོན་གྲོང་རྡལ་ས་ཚིགས་ཀྱི་བྱེད་སྒོ་དེ་ཆར་པ་ཟམ་ཟིམ་ཁྲོད་རྒྱུན་གཏན་བཞིན་སྤེལ་ཞིང་། བོད་རིགས་དང་། ཆའང་རིགས། ཧུའེ་རིགས། རྒྱ་རིགས་བཅས་ཀྱི་སྤུན་ཟླ་ཚོའི་སྤྲོ་སེམས་འགོག་ཐབས་བྲལ་ཡོད།
         གླུ་གར་དང་། གཞས་མ་གཏམ། ལྷ་མོ། རྩལ་རྩེད་སོགས་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཟམ་མི་ཆད་པར་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་རིག་རྩལ་ལས་དོན་པ་དང་རྔ་པ་ཀྲོའུ་གླུ་གར་ཚོགས་པའི་རིག་རྩལ་ལས་དོན་པས་ལྟད་མོ་བར་མིག་དང་རྣ་བའི་དགའ་སྟོན་གྱ་ནོམ་པ་ཞིག་ཕུལ་ཡོད།
         དེ་གར་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་གྲོང་ཁུལ་དོ་དམ་པ་སྐལ་བཟང་རྒྱ་མཚོས“འཁྲབ་ཚན་ཕུན་སུམ་ཚོགས་ཁར་ང་ཚོའི་དགོས་མཁོ་དང་ཉེ་བར་བཅར་ཡོད། ངས་ད་ལྟ་མི་ཁ་ཤས་ལ་དྲིས་པ་ན་ཁོ་ཚོ་ཚང་མའི་ཡིད་དབང་རབ་ཏུ་འཕྲོག་འདུག སྔོན་ཆད་བརྙན་འཕྲིན་ནང་བཞིན་འགྱུར་ལ་བལྟས་མྱོང་མོད་ཡུལ་དངོས་སུ་མཐོང་མྱོང་མེད། དངོས་འབྲེལ་ཡ་མཚན་པོ་འདུག”ཅེས་བཤད།
         བཅའ་ཁྲིམས་ཤེས་བྱ་དང་ཞིང་འབྲོག་ཤེས་བྱ་དག་མཁོ་གལ་ཆེ་རིགས་སུ་སྤེལ་བ།
         དཔྱད་ཡིག་ལེན་པ་དང་ཆ་འཕྲིན་བློ་འདྲི་བྱེད་མཁན་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཞབས་ཞུའི་སྟེགས་བུ་བསྐོར་འདུག་ལ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཞིང་ལས་དང་། བཅའ་ཁྲིམས། ནགས་ལས། དྲིལ་བསྒྲགས་སོགས་ལག་དེབ་སྣ་ཚོགས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
         ཟུང་འཕན་རྫོང་གི་ཟླ་བས་འབྲི་གཡག་གསོ་ཚགས་ཀྱི་དཔྱད་ཡིག་ཅིག་ལག་ཏུ་བཟུང་ནས་སྤྲོ་བས་ཁེངས་འདུག ཁོང་གི་ཁྱིམ་དུ་འབྲི་གཡག་མང་པོ་གསོས་ཡོད་ནའང་འབྲི་གཡག་འདེམས་གསོའི་ལག་རྩལ་དང་ཕྱུགས་ཟོག་གི་རིམས་འགོག་སོགས་ཀྱི་ཤེས་བྱ་མ་རྟོགས་པའི་རྐྱེན་གྱིས་འབྲི་གཡག་གི་རྒྱུད་པ་ཇེ་ཞན་དང་གཟུགས་སྟོབས་ཇེ་ཆུང་དུ་སོང་ལ་ན་ཚ་ཕོག་ཀྱང་དུས་ཐོག་ཏུ་ཕྱུགས་ནད་སྨན་པ་བཙལ་ནས་སྨན་བཅོས་བྱས་མེད། “ད་ཆ་དཔྱད་ཡིག་འདི་དག་ཡོད་ཁར་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྱིས་བསླབས་པའི་ཐབས་བཀོད་ལྡན་པས་ང་ལའང་གདེང་ཚོད་ཡོད་པར་གྱུར”ཞེས་བཤད།
         ཞིང་ལས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་ཚོས་རྔ་པ་རྫོང་དང་ཟུང་འཕན་རྫོང་གི་ཐོན་ལས་གཙོ་བོ་སྟེ་སྔོ་ཚལ་དང་། ནོར། ལུག་བཅས་ལ་སྔོན་དུ་དབྱེ་ཞིབ་བྱས་པ་མ་ཟད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྔོ་ཚལ་གྱི་རིགས་གཅིག་མཁས་ཅན་དང་གསོ་ཚགས་ཀྱི་རིགས་གཅིག་མཁས་ཅན་མངགས་ཏེ་མཛུབ་ཁྲིད་བྱས་པ་རེད།
         རྔ་པ་རྫོང་ནས་ཟུང་འཕན་རྫོང་དབར་གྱི་ལམ་ཧྲིལ་པོར་ཁྲིམས་རྩོད་པ་ཧོང་ཀྲང་ཀུའོ་ལ་བཅའ་ཁྲིམས་ཀྱི་བློ་འདྲིའི་གནད་དོན་སྣ་ཚོགས་བཏོན་ཡོད་ཅིང་། ཁོང་གིས“སྤྱིར་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ཤེས་རྟོགས་སྤྱོད་གསུམ་ཚད་ཧ་ཅང་ཡག་པོ་མིན་ནའང་། ཁོ་ཚོ་ཚང་མས་བཅའ་ཁྲིམས་རྟོགས་དོད་ཆེན་པོ་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཡོད་པ་དང་གནད་དོན་ཐོན་ཚེ་བཅའ་ཁྲིམས་ལ་བརྟེན་ནས་ཐག་གཅོད་དགོས་པ་རྟོགས་ཀྱི་འདུག འདི་ནི་ཧ་ཅང་གལ་ཆེན་པོ་རེད། འདུ་ཤེས་ཡོད་རྗེས་ཤེས་བྱ་སྦྱོང་རྒྱུ་ནི་ལྷུན་གྱིས་འགྲུབ་ངེས་རེད། འདི་གའི་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ཧ་ཅང་བདེ་བླག་བྱུང་སོང”ཞེས་བརྗོད་བྱུང་། ༼ འདི་ག་ཚགས་པར་ཁང་གི་གསར་འགོད་པ། ལུའི་ལི་ཡིས། ༽