མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་09ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་ཟླ་7ཚེས་6ནས་7ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁྱབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ནི་མི་དམངས་དུང་ཕྱུར་མང་པོའི་བྱ་གཞག་ཡིན་པ་དང་། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དེ་ཉིད་ལ་ཕྲག་ཐོག་ཏུ་བབས་པའི་བརྗིད་ཉམས་ལྡན་པའི་ལས་འགན་ཡོད། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། བློ་རྩ་བརྟན་པོས་ཡར་བརྩོན། དཀའ་སྤྱད་འབད་འཐབ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཏན་ཏན་ཏིག་ཏིག་ངང་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཏང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཡོང་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བ་བྱས་ནས་ཐུན་མོང་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་འཚོགས་པ་ནི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་བཙོ་བོ་ནི་དུས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཐད་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་ཞིབ་འཇུག་དང་། 《ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཐད་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་རྒྱུ་དེ་རེད།
     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མང་ཚོགས་ཚོགས་པའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ནི་ཏང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་བརྒྱུད་སྤེལ་བའི་མང་ཚོགས་ལས་དོན་དང་། ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱེད་ཆེད་འབད་འཐབ་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན། དེ་ནི་ང་ཚོའི་ཏང་གི་གསར་གཏོད་ཆེན་པོ་ཞིག་ཡིན་ལ་ང་ཚོའི་ཏང་གི་ལེགས་ཆ་ཆེན་པོ་ཞིག་ཀྱང་ཡིན། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཏང་གི་འགོ་ཁྲིད་འོག་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དོན་དངོས་ཐོག་དུས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་ཞན་དུ་གཏོང་མི་རུང་བ་དང་། ལེགས་བཅོས་དང་མཐོར་འདེགས་བྱེད་དགོས་པ་ལས་འཕེལ་མེད་རང་སོར་གནས་མི་རུང་བ་གསལ་བཤད་བྱུང་ཡོད། ང་ཚོས་ངེས་པར་དུ་དུས་བབ་དང་ལས་འགན་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་དང་། གཞོན་ནུའི་སྟོབས་གསར་དམག བུད་མེད་ཀྱི་གནམ་ཕྱེད་ཀ་འདེགས་མཁན་བཅས་ཀྱི་ནུས་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། ང་ཚོས་ངེས་པར་དུ་ཏང་གི་སྲིད་སྐྱོང་གི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་དམ་འཛིན་ལེགས་པར་བྱས་ཏེ་ཏང་དེ་ཉིད་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ང་ཚོས་ངེས་པར་དུ་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འཕེལ་ཤུགས་དེ་བས་ཁེངས་པ་དང་སྟོབས་ཤུགས་དེ་བས་ལྡན་པ་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས།
     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ངེས་པར་དུ་ཁས་ལེན་གང་ལེགས་བྱེད་དགོས་པ་དང་དུས་མཚུངས་ངེས་པར་དུ་ལྷག་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་དང་ལྷག་པར་དུ་མང་ཚོགས་དང་ཁ་བྲལ་བའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་རང་གི་གསར་གཏོད་ཀྱི་བློ་རྒྱ་ཆེ་རུ་བཏང་སྟེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ནང་བསམ་བློའི་སློབ་གསོ་དང་། གནད་དོན་དག་ཐེར། སྒྲིག་སྲོལ་གསར་གཏོད་བཅས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་བསམ་བློའི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་། མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
     ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས། ཆབ་སྲིད་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བླ་སྲོག་དང་ཨང་དང་པོ་རེད། མང་ཚོགས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་ཏང་གི་འགོ་ཁྲིད་འོག་ཏུ་བཞག་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་སྔ་ཕྱི་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ་ཏང་ཀྲུང་དབྱང་གི་སྙན་གྲགས་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་དང་། ཏང་གི་འདོད་བློ་དང་འདོད་ཚུལ་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་པོ་སྲུང་བ་། ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ་བཅས་བྱས་ནས་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཁུར་ཏེ་རང་ཉིད་ཀྱིས་འབྲེལ་བ་བྱེད་པའི་མང་ཚོགས་ཆེས་རྒྱ་ཆེ་དང་ཆེས་དམ་ཟབ་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས།
     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་འགྲོ་ལམ་ནི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཁྱབ་ཁོངས་སུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཞིབ་ཕྲའི་ངང་ལག་ལེན་བསྟར་བ་ཞིག་རེད། འགྲོ་ལམ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུའི་ལས་འགུལ་ཁ་ཕྱོགས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་འགྲོ་ལམ་བཅས་ཏང་གིས་འཚོལ་ཞིབ་བྱེད་པའི་ཡུན་རིང་ལག་ལེན་ནང་ཆགས་པ་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལོ་རྒྱུས་འཕེལ་ཕྱོགས་དང་འཚམ་ཡོད། ཏང་གིས་མང་ཚོགས་ཚོགས་པའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཟམ་པ་དང་སྒྲོག་ཐག་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཚེ་སྲོག་ལམ་ཕྱོགས་མཐའ་འཁྱོངས། དུས་བསྟུན་འཕེལ་རྒྱས་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་། ཁྲིམས་དང་སྒྲིག་སྲོལ་ལྟར་རང་ཚུགས་ངང་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། ཏང་རྩ་འཛུགས་ཀྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བྱས་རྗེས་ཧུར་ཐག་འཇོག་པ་དང་བྱས་རྗེས་འཇོག་ཕོད་པ་བྱེད་དགོས།
     ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་སྔོན་ཐོན་རང་བཞིན་ཏན་ཏན་ཏིག་ཏིག་ངང་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས། ང་ཚོའི་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ནི་ཏང་གི་ཐད་ཀར་འགོ་ཁྲིད་བྱེད་པའི་མང་ཚོགས་རྩ་འཛུགས་ཤིག་ཡིན་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱེད་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པའི་འགན་འཁྲི་ལྕི་པོ་ཁུར་ཡོད་པས་ངེས་པར་དུ་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་ཆེ་རུ་གཏོང་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩི་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཁོང་དུ་ནན་པོར་ཆུད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་སྒྱུར་འཕེལ་བརྟན་གསུམ་གྱི་འཐབ་ཕྱོགས་དང་པོར་བྱས་རྗེས་འཇོག་དགོས། སྔོན་ཐོན་གྱིས་རྗེས་ལུས་ཀྱི་སྣེ་འདྲེན་བྱེད་པ་དང་། ཤེས་དཔལ་ཡར་ཐོན་གྱིས་བླུན་རྨོངས་རྗེས་ལུས་ཀྱི་ཚབ་བྱེད་པ། བདེན་ལེགས་མཛེས་གསུམ་གྱིས་རྫུན་ཞན་སྐྱུག་བྲོ་བཅས་གསུམ་འགོག་པ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བརྟན་པོའི་ངང་སྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བཅས་བྱས་ཏེ་ཏང་སྲིད་སྐྱོང་གི་རྟེན་སའི་སྟོབས་ཤུགས་བརྟན་པོ་དང་། རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེན་པོ། སྤྱི་ཚོགས་ཀྱི་རྨང་གཞི་ཟབ་པོ་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས།
     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་སྔ་ཕྱི་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་ཏང་ལ་སེམས་ཁྲལ་སེལ་རོགས་དང་དམངས་ལ་ཕན་བདེ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དེ་བྱེད་སྒོ་སྣ་ཚོགས་ནང་ཁྱབ་པར་བྱས་ཐོག་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ཁྲིད་སྟོན་བཅས་ཀྱི་ལས་དོན་མང་ཙམ་དང་བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། འགལ་བ་སེལ་བ། བརྩེ་སེམས་ཟབ་གཏོང་། སྒུལ་ཤུགས་འཕེལ་བ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་དགོས།
     ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་མང་ཚོགས་རང་བཞིན་ཏན་ཏན་ཏིག་ཏིག་ངང་རྒྱུན་འཁྱོངས་བྱེད་པ་དང་མང་ཚོགས་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་རྩ་བའི་ཁྱད་ཆོས་རེད། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལས་དོན་དང་བྱེད་སྒོ་སྤེལ་བར་མང་ཚོགས་ལྟེ་བ་དང་མང་ཚོགས་གཙོ་བོ་བྱེད་པ་ལས་མང་ཚོགས་ཕལ་པ་དང་ལྟད་མོ་བ་བྱེད་དུ་འཇུག་མི་རུང་། མང་ཚོགས་དཀྱུས་མར་དོ་སྣང་དང་། སེམས་ཁུར། བྱམས་སྐྱོང་བཅས་དེ་བས་མང་བ་བྱས་ཏེ་དུད་ཚང་ཁྲི་ལ་སྐྱོད་པ་དང་། དུད་ཚང་ཁྲི་ལ་འཚམས་འདྲི་ཞུ་བ། དུད་ཚང་ཁྲི་ལ་གཉེན་འཚོལ་བྱེད་པ་བཅས་བྱས་ཏེ་མང་ཚོགས་དང་རྟག་ཏུ་ངོ་ཐུག་ངོ་འཕྲད་དང་། ལག་གདང་སྦྲེལ་བ། གཅིག་སེམས་གཅིག་མཐུན་བཅས་ཀྱི་འབྲེལ་ཐུག་བྱས་ནས་མང་ཚོགས་དང་ལྷད་མེད་བརྩེ་བ་ཟབ་ཏུ་གཏོང་དགོས། རྩ་འཛུགས་དང་ལྷག་པར་དུ་གཞི་རིམ་རྩ་འཛུགས་འཐུས་ཚང་དུ་བཏང་ནས་ཁྱབ་ཁོངས་གསར་པ་དང་རིམ་གྲས་གསར་པའི་རྩ་འཛུགས་འཛུགས་སྐྱོང་མགྱོགས་པོ་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་ཁུངས་ཀྱི་ལས་བྱེད་པ་གཞི་རིམ་དང་མང་ཚོགས་ཁྲོད་དུ་ཟབ་སྐྱོད་བྱས་ཏེ་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བ་རྣམ་དག་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་མཁན་བརྟན་པོ། ཏང་གི་མང་ཚོགས་ལས་དོན་ལས་རིགས་ཀྱི་མཁས་པ་བཅས་ལ་བརྩོན་ལེན་བྱེད་དགོས།
     ཞིས་ཅིན་ཕིང་གིས་མིག་ཟུང་གཤམ་ལ་ལྟ་བ་དང་ཁ་ཕྱོགས་གཞི་རིམ་དུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཁུངས་དང་སྒྲིག་གཞི་འཛུགས་སྟངས་དང་། དོ་དམ་བྱེད་སྟངས། འཁོར་སྐྱོད་ལམ་སྲོལ་བཅས་སྒྱུར་བཅོས་བྱེད་པ་དང་ལེགས་སུ་བཏང་སྟེ་སྟོབས་ཤུགས་བཀོད་སྒྲིག་དང་ཞབས་ཞུ་དང་ཐོན་ཁུངས་གཞི་རིམ་དུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་དགོས། འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་འབྲེལ་བ་དང་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མང་ཚོགས་ཀྱི་ཁྱབ་ཆེ་རང་བཞིན་དང་ཚབ་བྱེད་རང་བཞིན་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མང་ཚོགས་དཀྱུས་མའི་ཁྲོད་ཀྱི་ཕུལ་བྱུང་མི་སྣ་དེ་བས་མང་བ་རྩ་འཛུགས་ནང་བསྡུ་ལེན་བྱས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་མི་སྣའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས།
     ཞིས་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ཏེ་སྤྱི་ཡོངས་འོག་ཏུ་བསམ་གཞིག་བྱེད་པ་དང་སྤྱི་ཡོངས་འོག་ཏུ་བྱ་སྤྱོད་སྤེལ་བ་དང་ཕྱོགས་མཚུངས་ཁུར་བའི་འགན་འཁྲིར་གཞི་ཚུགས་པ་དང་འབྲེལ་བ་བྱེད་པའི་མང་ཚོགས་ལ་གཞི་ཚུགས་ཏེ་ལས་ཀའི་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ནུས་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུའི་ཐོན་ཁུངས་སྔོག་འདོན་བཅས་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དོ་སྣང་བྱ་ཡུལ་མང་ཆེ་བ་མང་ཚོགས་དབུལ་པོར་བཞག་སྟེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་ཏེ་མང་ཚོགས་ཀྱིས་ཡིད་རྟོན་རུང་བ་དང་། བློས་འགེལ་ཆོག་པ། ཁ་བྲལ་ཐབས་མེད་པ་བཅས་ཀྱི་གྲོགས་པོ་བློས་ཐུབ་དང་སྙིང་ཉེ་བར་འགྱུར་བ་བྱེད་དགོས།
     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་བཞི་མཚམས་བརྒྱད་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཚོགས་པའི་འགོ་ཁྲིད་ཚན་ཁག་ལེགས་པར་བདམས་པ་དང་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཚོགས་པའི་ལས་བྱེད་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། རྒྱ་ཆེའི་མང་ཚོགས་ཚོགས་པའི་ལས་བྱེད་པས་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ལ་ཤུགས་སྣོན་རྒྱག་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས“ནན་གསུམ་དྲང་གསུམ”རང་རྟོགས་ངང་ལག་ལེན་བསྟར་བ་དང“སྤྱོད་ཚུལ་བཞིའི”གནད་དོན་རང་རྟོགས་ངང་བཀག་འགོག་དང་ཡོ་བསྲང་བྱེད་དགོས།
     ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་བསྟུན་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཏན་ཏན་ཏིག་ཏིག་ངང་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ། སྡེ་ཚན་གྱིས་སོ་སོའི་འགན་འཁྲི་འཁུར་བ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་བྱེད་པ། མང་ཚོགས་ཚོགས་པས་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཚོགས་པས་ལས་དོན་སྤེལ་རྒྱུར་མཐུན་རྐྱེན་སྐྲུན་དགོས། ཏང་གི་མང་ཚོགས་ཚོགས་པའི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ་ཏང་ཨུད་ཀྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།