མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་བཏང་ཟིན་པས་ཏང་ཡོངས་
དང་རྒྱལ་ཡོངས་ཀྱིས་དམིགས་ཚད་ལ་བསྡིགས་ནས་དཀའ་སྒྲུབ་དངོས་སྒྲུབ་
བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་30ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་བཏང་ཟིན་པས་ཏང་ཡོངས་
དང་རྒྱལ་ཡོངས་ཀྱིས་དམིགས་ཚད་ལ་བསྡིགས་ནས་དཀའ་སྒྲུབ་དངོས་སྒྲུབ་
བྱེད་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་ཟླ་11ཚེས་27དང་28ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། རིམ་བཞིན་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་ཡིན་ལ་ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ནི། ང་ཚོས་རྒྱལ་ཡོངས་མི་དམངས་ལ་བླངས་པའི་སྒམ་བརླིང་ལྡན་པའི་ཁས་ལེན་ཞིག་ཡིན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་བཏང་ཟིན་པས་ང་ཚོས་ཡུས་ཀུང་གིས་རི་བོ་སྤོ་བ་ལྟ་བུའི་ཆོད་སེམས་བཞག་པ་དང་་དམིགས་འབེན་ཡང་བཙུགས་ཟིན་པས་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་སྟེ། 2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་ཚང་མ་དང་མི་འབོར་དབུལ་པོ་ཚང་མ་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད།
         ཞིས་ཅིན་ཕིང་གི་གསུང་བཤད་ནང་ད་རེས་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་རྗེས་འཚོགས་པའི་ཀྲུང་དབྱང་གི་ལས་དོན་ཚོགས་འདུ་ཐེངས་དང་པོ་ཡིན་པས། དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་མཐོང་ཆེན་པོ་གནང་བ་མཚོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་འབད་འཐབ་དམིགས་ཚད་ནས་འགོ་བརྩམས་ཏེ། 2020ལོར་སླེབས་སྐབས་རང་རྒྱལ་གྱི་ད་ཡོད་ཀྱི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བ་དང་རྫོང་དབུལ་པོ་ཚང་མའི་དབུལ་པོའི་ཞྭ་མོ་ཕུད་དེ་ས་ཁོངས་ཧྲིལ་པོའི་དབུལ་པོའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་ཁ་གསལ་བཏོན་ཡོད། ཚོགས་འདུའི་ལས་འགན་གཙོ་བོ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་ཀྱིས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་བཀོད་སྒྲིག་དང་འབྲེལ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་གིས་ཕྱར་བ་གྲུ་འདེགས་ངང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་ནས་དབུལ་པོའི་གནས་ལས་འགྲོལ་བའི་དམག་འཐབ་བསྟུད་མར་བརྒྱབ་ཡོད། སྒྱུར་བཅོས་སྒོ་དབྱེ་ཚུན་གྱི་ལོ་37རིང་གི་འབད་འཐབ་བྱས་མཐར་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་ལྡན་པའི་ལམ་ཞིག་བཤངས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7ལྷག་ཙམ་དབུལ་པོའི་གནས་ལས་གྲོལ་ཐུབ་པ་དེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་གདིང་ཐུབ་པ་བྱུང་ཡོད། རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་མི་འབོར་དབུལ་པོ་ཉུང་དུ་གཏོང་མང་ཤོས་ཀྱི་རྒྱལ་ཁབ་ཅིག་དང་འཛམ་གླིང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་སྔོན་ལ་གྲུབ་པའི་རྒྱལ་ཁབ་ཅིག་ཏུ་གྱུར་བར་བརྟེན་དེ་ལྟའི་གྲུབ་འབྲས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་རྒྱུ་ཉག་གཅིག་ཡིན་ལ་འཛམ་གླིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དངོས་ར་གསལ་པོ་སྤྲད་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་ད་ཆ་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་སྔར་བཞིན་ཛ་དྲག་པོར་གནས་ཡོད་པའི་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། ན་ནིང་གི་ལོ་མཇུག་བར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་7000ལྷག་ཙམ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ནི་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དག་ལྟོ་གོས་ལ་སེམས་ཁྲལ་མེད་པའི་ཁར་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བཅས་ཡོད་པ་བྱ་རྒྱུ་དང་ཆབས་ཅིག་ས་ཁུལ་དབུལ་པོའི་ཞིང་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་ལས་མཐོ་བ་ཡོང་བ་བྱས་ནས་སྤྱིར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པ་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་དཀའ་གནད་ལས་སྒྲོལ་བ་དང་འགག་སྒྲོལ་བྱེད་པའི་གདོང་མཆོང་དུས་མཚམས་སུ་སླེབས་པར་བརྟེན་ངེས་པར་དུ་ཆོད་སེམས་སྔར་ལས་ཆེ་བ་དང་། བསམ་ཕྱོགས་དེ་བས་གསལ་བ། བྱ་ཐབས་སྔར་བས་གནད་འཁེལ། བྱ་ཤུགས་རྒྱུན་གཏན་ལས་བརྒལ་བའི་ཐོག་ནས་ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་བསྒྲུབས་ནས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱེད་དགོས་པའི་ནན་བཤད་གནང་།
         ཞིས་ཅིན་ཕིང་གིས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་གནད་སྨིན་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མཐོ་རུ་གཏོང་རྒྱུ་དེ་ཡིན། གནད་ལ་འཕིགས་པའི་ལམ་འཚོལ་རྒྱུ་དང་སྒྲིག་སྲོལ་ལམ་སྲོལ་ཡག་པོ་བཟོ་རྒྱུ་ནི་འགག་རྩ་ཡིན་པས་གནད་སྨིན་བྱེད་ཕྱོགས་ཐད་བྱ་ཐབས་ཏན་ཏིག་དང་། གནད་སྨིན་སྐུལ་འདེད་ཐད་ཤུགས་དངོས་རྒྱག་པ། གནད་སྨིན་དོན་འཁྱོལ་ཐོག་ཕན་འབྲས་དངོས་ཐོན་པ་བྱེད་དགོས། “དབུལ་སྐྱོར་སུ་ལ་བྱ་རྒྱུའི”གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་འབོར་དབུལ་པོ་ངོ་མ་གསལ་པོ་བཟོས་ཏེ་མི་འབོར་དབུལ་པོ་དང་། དབུལ་པོའི་ཚད། དབུལ་པོར་གྱུར་རྐྱེན་སོགས་གསལ་པོ་ཡོང་བ་བྱས་ཐོག་དུད་ཚང་དང་མིར་བབ་བསྟུན་གྱིས་བྱ་ཐབས་སྤྱོད་རྒྱུར་སྟབས་བདེ་ཡོང་བ་བྱེད་དགོས“དབུལ་སྐྱོར་སུས་བྱ་རྒྱུའི”གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་(ས་ཁུལ་)དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་སྒྲུབ་པའི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ་ལས་བགོས་ཞིབ་ཕྲ་དང་། འགན་འཁྲི་ཁ་གསལ། ལས་འགན་མི་ཐོག དཔྱད་ཞིབ་གནད་ལ་འཁེལ་བ་ཞིག་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་།
         ཞིས་ཅིན་ཕིང་གིས“དབུལ་སྐྱོར་ཇི་ལྟར་བྱ་རྒྱུའི”གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས“ཁག་གཅིག་ལྔའི”འདུ་འགོད་ལག་ལེན་བསྟར་དགོས་པ་སྟེ། གཅིག་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བར་བྱེད་དགོས། དེའང་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་ཚང་མས་རང་གི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་གྱིས་ས་གནས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ཐོག་ས་གནས་དེ་རང་དུ་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དང་། གཉིས་ནས་གནས་གཞན་ལ་སྤོས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བར་བྱེད་དགོས། དེའང་མི་འབོར་དབུལ་པོ་རང་སར་དབུལ་སྒྲོལ་དཀའ་བའི་རིགས་གནས་གཞན་ལ་སྤོ་རུ་བཅུག་ནས་འཆར་འགོད་ལྟར་དང་། ལོ་འཁོར་དབྱེ་བ། འཆར་གཞི་ཡོད་པ་བཅས་ཀྱི་སྒོ་ནས་སྒྲིག་འཛུགས་ལག་བསྟར་གྱིས་སྤོ་ཐུབ་པ་དང་། བརྟན་པོར་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་རྒྱུ། གསུམ་ནས་སྣོད་བཅུད་ཁ་གསབ་ལ་བརྟེན་ནས་་ཁག་གཅིག་དབུལ་སྒྲོལཡོང་བར་བྱེད་དགོས། དེའང་ས་ཁུལ་དབུལ་པོའི་སྣོད་བཅུད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་ཤུགས་ཆེ་རུ་བཏང་ནས་གཙོ་གནད་སྣོད་བཅུད་ནུས་ཁོངས་ཕྱོགས་འགྱུར་ལ་གཏོང་སྤྲོད་མང་དུ་དང་སྲིད་ཇུས་ལག་བསྟར་བྱེད་ཁྱོན་ཆེ་རུ་གཏོང་བའི་ཐོག་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོ་རང་སར་ནགས་སྲུང་སོགས་སྣོད་བཅུད་སྲུང་མཁན་ལ་འགྱུར་བ་བྱ་རྒྱུ། བཞི་ནས་སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བར་བྱེད་དགོས། དེའང་དབུལ་པོ་བཅོས་པར་སྔོན་ལ་རྨོངས་པ་བཅོས་པ་དང་དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་ཐོག་ནས་རོགས་རམ་བྱས་ཏེ་རྒྱལ་ཁབ་ཀྱི་སློབ་གསོའི་འགྲོ་གྲོན་མུ་མཐུད་ས་ཁུལ་དབུལ་པོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ་བཅས་ལ་ཕྱོགས་ནས་ས་ཁུལ་དབུལ་པོའི་སློབ་གཉེར་མཐུན་རྐྱེན་ཡག་ཏུ་གཏོང་རོགས་ཀྱིས་གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་ལྷག་པར་གཞིས་སྡོད་བྱིས་པར་དམིགས་བསལ་དུ་བྱམས་སྐྱོང་ཐུབ་པ་བྱ་རྒྱུ། ལྔ་ནས་སྤྱི་ཚོགས་འགན་སྲུང་གིས་ཁག་གཅིག་མཐའ་སྐྱོང་རྒྱུ་སྟེ། མི་འབོར་དབུལ་པོའི་ཁྲོད་ངལ་རྩོལ་ནུས་ཤུགས་ཆ་ཚང་ངམ་ཆ་ཤས་ཤོར་བའི་མི་དག་ལ་སྤྱི་ཚོགས་འགན་སྲུང་གིས་མཐའ་བསྐྱངས་ཏེ་གྲོང་གསེབ་ཀྱི་དབུལ་སྐྱོར་ཚད་གཞི་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་འགན་གྱི་ཚད་གཞི་སྤྱི་འདོམས་མཐུན་སྦྱོར་བྱས་ཁར་རྣམ་པ་གཞན་གྱི་སྤྱི་ཚོགས་རོགས་སྐྱོབ་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྨན་བཅོས་འགན་ལེན་དང་སྨན་བཅོས་རོགས་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་དང་ནད་ཆེན་འགན་བཅོལ་སྲིད་ཇུས་ཀྱང་མི་འབོར་དབུལ་པོར་ཕྱོགས་དགོས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མཐོང་ཆེན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་གནད་སྨིན་དབུལ་སྐྱོར་བྱ་རྒྱུའི་དམིགས་ཡུལ་ནི་དབུལ་སྒྲོལ་གནད་སྨིན་ཡོང་ཆེད་ཡིན། དེས་ན་དུས་ཚོད་རེའུ་མིག་བཟོས་ཏེ་གོ་རིམ་ལྡན་པའི་ངང་ནས་ཕྱིར་འཐེན་བྱ་རྒྱུ་མངོན་འགྱུར་བྱེད་དགོས། ནར་འགྱངས་དང་བྲེལ་འཚབ་གཉིས་ཀ་སྔོན་འགོག་བྱེད་དགོས། བར་བརྒལ་གྱི་དུས་མཚམས་ཤིག་བཞག་སྟེ་དུས་ཚོད་ངེས་ཅན་ནང་དབུལ་པོའི་ཞྭ་མོ་ཕུད་རུང་སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། ཚོད་སྐོར་ནན་པོ་བྱས་ཏེ་དབུལ་པོའི་ཞྭ་མོ་འབུད་པའི་ཚད་གཞི་ལྟར་རྩིས་ལེན་བྱེད་དགོས། དུད་ཚང་རེ་རེ་བྱས་ནས་ཨང་ཐོ་བསུབས་ཏེ་དབུལ་སྒྲོལ་བྱ་རྒྱུ་མི་ཐོག་ཏུ་འཁྱོལ་བ་དང་དབུལ་སྒྲོལ་བྱུང་མིན་དེ་མང་ཚོགས་དང་མཉམ་དུ་རྩིས་བརྒྱབ་ནས་མང་ཚོགས་ཀྱིས་ཁས་ལེན་པ་ཞིག་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དབུལ་སྐྱོར་འགག་སྒྲོལ་ལས་དོན་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཡིད་ཆེས་བརྟན་གཏོང་གིས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་དབུལ་སྒྲོལ་གྱི་འགན་འཁྲི་དེ་ཕྲག་ཐོག་ཏུ་འཁུར་བ་དང་དབུལ་སྒྲོལ་གྱི་ལས་འགན་ལ་དམ་འཛིན་ནན་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་བརྟན་འགྱུར་མེད་ཀྱི་ལས་ཀའི་སྤྱོད་ཚུལ་དང་ངར་ཤུགས་མཐའ་འཁྱོངས་དང་བསམ་པ་རྣམ་དག་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད་པའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་རིམ་པ་བཞིན་མིང་རྟགས་འགོད་པ་དང་བཀའ་ལྟར་སྒྲུབ་རྒྱུའི་ཁག་ཐེག་ཞུ་ཡིག་བཟོ་དགོས། ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙན་ཞུ་དང་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས་ནས་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་དེ་ལས་བྱེད་པ་འདེམས་བསྐོའི་གཞི་འཛིན་ས་གལ་ཆེན་ལ་བརྩིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་དབྱེ་གསེས་བྱས་ཏེ་རིམ་ཁག་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་སའི་ཐོག་ནུས་ཤུགས་ཡོད་ཚད་འདོན་དགོས་པའི་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སྲ་བརྟན་གཏོང་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་འགོ་ཁྲིད་ཨང་དང་པོ་ཡག་པོ་འདེམས་པ་དང་འགོ་ཁྲིད་ཚན་ཁག་སྟོབས་ཆེན་བཀོད་སྒྲིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དབུལ་སྒྲོལ་གསར་སྤེལ་ཐད་གཏོང་ཆ་གཏོང་ཤུགས་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁབ་ཐོབ་པར་བྱེད་པའི་བླང་བྱ་དང་ཕན་ཚུན་འཚམས་པ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་དངུལ་དང་ཀྲུང་དབྱང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་དག་དབུལ་སྐྱོར་གྱི་མ་དངུལ་སོགས་ཀྱི་འཕར་ཚད་དེ་དབུལ་སྒྲོལ་འགག་སྒྲོལ་བྱ་ཤུགས་ཆེ་རུ་གཏོང་བའི་བླང་བྱའི་ཐོག་ནས་མངོན་པ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་སྣ་ཚོགས་དེ་དབུལ་པོའི་ས་ཁུལ་ལ་སྔར་བས་ཕྱོགས་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་དང་ཁ་གཏད་དབུལ་སྐྱོར་གྱི་ཤར་ཕྱོགས་ས་ཁུལ་གྱིས་དབུལ་སྐྱོར་མ་དངུལ་གཏོང་ཤུགས་བལྟོས་བཅས་ཀྱིས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་མ་དངུལ་བསྡུ་སྒྲིལ་བྱ་ཤུགས་ཆེ་རུ་གཏོང་དགོས། དངུལ་རྩའི་དབུལ་སྐྱོར་གྱི་ལེའུ་ཡག་པོ་བརྩམས་ནས་གྲོང་གསེབ་ཀྱི་དངུལ་རྩ་སྒྱུར་བཅོས་གསར་གཏོད་གྱི་གོམ་སྟབས་མྱུར་དུ་གཏོང་དགོས། དབུལ་སྐྱོར་མ་དངུལ་ཁ་གསལ་གཏིང་གསལ་ཐོག་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་ལ་གཅིག་སྡུད་བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱས་ནས་དབུལ་སྐྱོར་མ་དངུལ་གཞན་སྤྱོད་དང་། རིམ་པ་བྱས་ནས་བཀག་པ། མིང་རྫུས་མ་བཏགས་ནས་གང་བྱུང་དུ་ལེན་པ། བག་མེད་ལོངས་སྤྱོད་བྱེད་རིགས་ལ་ཆད་པ་ནན་པོ་གཅོད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་དབུལ་པོའི་མང་ཚོགས་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་དགོས། རྒྱ་ཆེའི་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་ཁོང་ཚོའི་སེམས་ཤུགས་འཕེལ་བ་དང་བྱ་སྤྱོད་སྤེལ་བར་སྐུལ་འདེད་བྱས་ནས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་དགོས། སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྐུལ་སློང་གིས་དབུལ་སྐྱོར་བྱ་གཞག་ནང་རྒྱ་ཁྱབ་ངང་ཞུགས་དགོས་པའི་ནན་བཤད་གནང་བ་རེད།

  
2015-12-01 2015-11-30 2015-11-30