མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐེ་རོམ་ཕུ་དང་ཞལ་པར་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་19ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཞལ་པར་གྱི་སྒོ་ནས་གླེང་མོལ་གནང་བ་རེད། 
    ཐེ་རོམ་ཕུ་ཡིས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་ཨོ་ས་ཁ་དབུ་ཚོགས་སྐབས་སུ་སླར་ཡང་ཐུག་འཕྲད་བྱ་རྒྱུ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་དང་ང་ཚོས་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ཐད་བགྲོ་གླེང་བྱེད་པར་རེ་སྒུག་བྱེད་བཞིན་ཡོད། ཨ་རི་ཕྱོགས་ཀྱིས་ཨ་རི་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀའི་ལས་དོན་ཚོགས་པས་གྲོས་མོལ་བྱས་ནས་མིག་སྔའི་འགལ་བ་ཐག་གཅོད་བྱེད་ཐབས་སྔ་ཙམ་འཚོལ་ཐུབ་པའི་རེ་བ་བྱས་ཡོད། འཛམ་གླིང་ཡོངས་ཀྱིས་ཨ་རི་དང་ཀྲུང་གོའི་བར་གྲོས་མཐུན་ཡོང་བར་རེ་བ་བྱས་ཡོད་པར་ཡིད་ཆེས་ཡོད་ཅེས་བསྟན། 
    ཞི་ཅིན་ཕིང་གིས། ཉེ་བའི་དུས་སྐབས་ཤིག་གི་རིང་ལ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ལ་དཀའ་ཁག་འགའ་འཕྲད་ཡོད་ཅིང་། དེ་ནི་ཕྱོགས་གཉིས་ཀའི་ཁེ་ཕན་དང་མི་མཐུན། ཀྲུང་ཨ་གཉིས་པོ་མཐུན་ན་ཕྱོགས་གཉིས་ཀར་ཕན་པ་དང་རྩོད་ན་གཉིས་ཀར་གནོད་སྐྱེལ་སྲིད། ཕྱོགས་གཉིས་ཀས་ང་ཚོའི་ཐུན་མོང་གི་ངོས་འཛིན་ལྟར། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་གཉིས་ཕན་གྱི་རྨང་གཞིའི་ཐོག སྙོམས་སྒྲིག་དང་མཉམ་ལས། བརྟན་བརླིང་བཅས་རྨང་གཞིར་བཟུང་བའི་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་སྐུལ་འདེད་བྱེད་དགོས། ཀྲུང་གོ་དང་ཨ་རི་ནི་གོ་ལ་ཡོངས་ཀྱི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ཆ་ནས། འགོ་ཁྲིད་ཀྱི་ནུས་པ་ཐུན་མོང་ངང་འདོན་སྤེལ་བྱ་དགོས་ཤིང་། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་ཨོ་ས་ཁ་དབུ་ཚོགས་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་སྐུལ་འདེད་བྱས་ནས། གོ་ལ་ཧྲིལ་བོའི་ཁྲོམ་རར་ཡིད་ཆེས་དང་གསོན་ཤུགས་རྒྱས་པ་འཇུག་དགོས། ངས་ཙུང་ཐུང་ལགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་ཨོ་ས་ཁ་དབུ་ཚོགས་སྐབས་སུ་ཐུག་འཕྲད་བྱ་རྒྱུ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ལ་བསམ་འཆར་བརྗེ་རེས་བྱེད་འདོད་ཡོད་ཅེས་གསུངས་ཡོད།  
    ཞི་ཅིན་ཕིང་གིས། དཔལ་འབྱོར་ཉོ་ཚོང་གི་གནད་དོན་ཐད། ཕྱོགས་གཉིས་ཀས་འདྲ་མཉམ་ངང་བགྲོ་གླེང་བྱས་ནས་གནད་དོན་ཐག་གཅོད་བྱ་དགོས་ཤིང་། གནད་འགག་ཐུག་ས་ནི་ཕྱོགས་གཉིས་ཀའི་ལུགས་མཐུན་གྱི་དོ་ཁུར་བྱ་ཡུལ་ལ་ལྟ་རྟོག་བྱ་དགོས་པ་དེ་ཡིན། ང་ཚོས་ཀྱང་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རེ་བ་བྱས་ཡོད། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་འགལ་བ་གང་ལྟར་སེལ་ཐབས་བྱེད་པའི་ཐད་ལ་འབྲེལ་འདྲིས་རྒྱུན་འཛིན་བྱེད་རྒྱུ་ལ་ང་རང་མོས་མཐུན་ཡོད་ཅེས་ནན་བཤད་གནང་པ་རེད།  

  
style="display:none;"