མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་12ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)


ཟླ་6ཚེས་8ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སེ་པའོ་ཆུས་ཧུང་སེ་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོར་གནས་སྤོས་མང་ཚོགས་ལ་གཟིགས་པ་དང་གྲོང་མི་ཚོར་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་གནང་བ།


ཟླ་6ཚེས་8ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སེ་པའོ་ཆུས་ཧུང་སེ་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོར་གནས་སྤོས་མང་ཚོགས་ལ་གཟིགས་པ་དང་གྲོང་མི་ཚོར་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་གནང་བ། 

    ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་བླངས་ནས་དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ། མི་དམངས་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མུ་མཐུད་སྐྲུན་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། “རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས”ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཧུར་ཐག་སེལ་བ། ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་སྔོན་ལ་འཇོག་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ། མི་དམངས་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མུ་མཐུད་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
    དབྱར་ཁའི་ཉི་འོད་འཚེར་བའི་ཉིང་ཞ་རུ་ནམ་མཁའ་དྭངས་ཤིང་སྤྲིན་པ་སྲབ་པ་དང་རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་སྣང་། ཟླ་6ཚེས་8ཉིན་ནས་ཚེས་10ཉིན་བར། ཞི་ཅིན་ཕིང་གིས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་རུན་ཨེར་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཞན་ཧུའེ་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ཝུའུ་ཀྲུང་དང་དབྱིན་ཁྲོན་གྱི་གྲོང་གསེབ་དང་། སྡེ་ཁུལ། འབྲུབ་འགོག་ལས་གྲྭ ཞིང་ལས་ཐོན་ལས་གླིང་ཁུལ་སོགས་སུ་ཕེབས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
     ཝུའུ་ཀྲུང་གྲོང་ཁྱེར་ཧུང་སེ་པའོ་ཆུས་ཧུང་སེ་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོ་ནི་སྣོད་བཅུད་གནས་སྤོས་ཡུལ་མིའི་གྲོང་ཚོ་ཞིག་ཡིན་པ་དེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1036དང་མི་གྲངས་4497ཡོད། མིག་སྔར། དུད་ཚང་20ཡི་མི་གྲངས་50ད་དུང་དབུལ་སྒྲོལ་ཐུབ་མེད། ཚེས་8ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་ཧུང་ཏེ་གྲོང་ཚོར་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་གི་སྒོ་རའི་ནང་ཁོང་གིས་ཉིང་ཞ་དང་དེ་བཞིན་ཧུང་ཏེ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། དབུལ་སྐྱོར་འཁོར་ཁང་དུ་ཕེབས་སྐབས། ཞི་ཅིན་ཕིང་གིས་ཤོག་སྒམ་བཟོ་བཞིན་པའི་གྲོང་མི་རྣམས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར། གྲོང་ཚོའི་ནང་ཁེ་ལས་བཙུགས་ནས་ཤོག་སྒམ་ཐུམ་སྒྲིལ་ལས་སྒོ་གཉེར་བ་དེས་མི་བརྒྱ་ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་སོང་ཞེས་ཞུས་པས། ཞི་ཅིན་ཕིང་གིས་ལས་དོན་དེར་ཁས་ལེན་གནང་བ་རེད། ཁོང་གིས། དབུལ་སྐྱོར་འཁོར་ཁང་གཉེར་བའི་དམིགས་ཡུལ་ནི་དབུལ་སྐྱོར་བྱ་ཆེད་ཡིན་པས་དབུལ་སྐྱོར་གྱི་ངོ་བོ་མཐའ་འཁྱོངས་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱོགས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་མང་ཙམ་བསྡུ་དགོས་ཞེས་གསུངས་པ་རེད། ཡུལ་མི་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་། ཡོང་འབབ་གྲོང་ཁྱེར་ནང་ལས་ཀ་བྱས་པ་ལས་མཐོ་བ་མེད་མོད། འོན་ཀྱང་སྡོད་ཁང་དང་། ཟ་མ། འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་གྲོན་ཆུང་ཐུབ་པ་མ་ཟད། ཁྱིམ་ཚང་ལ་ལྟ་རྟོག་ཡང་བྱེད་ཐུབ་པས་དེ་ནི་གོ་ཉིས་ཆོད་རེད། ཁེ་ལས་དབུལ་སྐྱོར་འཁོར་ཁང་གཉེར་བའི་ནང་ཞུགས་པ་དེ་ཐོག་ནས་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་གཞན་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་པ་མངོན་པས། དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།
    དེ་རྗེས། ཞི་ཅིན་ཕིང་གིས་ཞབས་ཐང་མར་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བ་རེད། ཧུད་རིགས་ཀྱི་གྲོང་མི་ལིའུ་ཁེ་རུའེ་ཡི་ཁྱིམ་དུ། ཞི་ཅིན་ཕིང་གིས་སྒོ་ར་དང་། མགྲོན་བསུ་ཁང་། ཉལ་ཁང་། ཐབ་ཚང་། བ་ཚང་བཅས་ལ་གཟིགས་པ་མ་ཟད། ཁྱིམ་ཚང་གི་ལས་ཞུགས་དང་། ཡོང་འབབ། ནད་ལྟ་བ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལིའུ་ཁེ་རུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར། ཁྱིམ་གྱི་རྨོ་ཞིང་ནང་བཤུག་བཏང་བ་དང་། སྒོ་ཕྱུགས་3གསོས་ཡོད། བུ་དང་མནའ་མ་ཉེ་འགྲམ་གྱི་འཁེལ་འཐག་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད། 2017ལོར་ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་སོང་། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་ཡུལ་མི་ཚོས་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོ་ཚོར་བ་མ་ཟད། གུང་ཁྲན་ཏང་གི་བྱམས་བརྩེའི་ཐུགས་ཁུར་ཡང་ཚོར་བྱུང་ཞེས་ཞུས། ཞི་ཅིན་ཕིང་གིས་ལིའུ་ཁེ་རུའེ་བཟའ་ཚོ་རྒན་རྒོན་གཉིས་ལ་ད་དུང་དཀའ་ངལ་གང་འདུག་གམ ཕྱིན་ཆད་ཀྱི་འཚོ་བར་འཆར་གཞི་གང་ཞིག་ཡོད་དམ་ཞེས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། གྲོང་ཚོའི་ཡུལ་མི་རྣམས་གནས་སྤོ་བྱས་རྗེས། འཚོ་བ་དེ་བས་ཇེ་ལེགས་སུ་འགྲོ་ཐུབ། ཁྱེད་ཚོས་དཀའ་སྤྱད་འབད་འཐབ་དང་གོམ་གང་མདུན་སྤོས་ཀྱིས་རང་ངོས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ཏེ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་ཚོ་གྲོང་ཚོའི་ལམ་མདོར་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་། ཡུལ་མི་ཚོ་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཁོང་རྨ་ཆུའི་ཝུའུ་ཀྲུང་གཙང་འགྲམ་ལམ་ཆེན་གྱི་གྲོང་ཁུལ་རྙིང་པའི་མཚམས་ནས་ཕེབས་སྐབས། གཙང་འགྲམ་ནས་ཞབས་ཐང་མར་ཕེབས་ཏེ་རྨ་ཆུའི་སྣོད་བཅུད་བཅོས་སྐྱོང་སྲུང་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། རྨ་ཆུའི་ཉིང་ཞ་དུམ་བུའི་སྣོད་བཅུད་སྲུང་སྐྱོང་བཅོས་སྒྲིག་དང་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་གྱི་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་རེད་ལ། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གནས་པ་དང་འཕེལ་རྒྱས་ཀྱི་རྩ་ཆེའི་ཐོན་ཁུངས་ཤིག་ཀྱང་རེད། གནའ་སྔ་མོ་ནས་བཟུང་། རྨ་ཆུས་མཛེས་སྡུག་རྣམ་པར་བཀྲ་ཞིང་འབྱོར་ཕྱུག་ལྡན་པའི་ཉིང་ཞ་ཡི་ས་གཞི་བསྐྱངས་ཡོད་ལ། ད་ཆ་ཡང་ཉིང་ཞ་ཡི་མི་རིགས་ཁག་གི་མི་དམངས་ལ་སྔར་བཞིན་ཕན་པ་སྐྲུན་བཞིན་ཡོད། ཉིང་ཞ་ཡིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རྨ་ཆུར་དེ་བས་གཅེས་སྤྲས་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱེད་པ། རྨ་ཆུ་སྲུང་སྐྱོང་གི་དམར་ཐིག་དང་མཐའ་ཚད་ཁ་གསལ་བཟོ་བ། ཆུ་རགས་འཛུགས་སྐྲུན་དང་། ཆུ་ལམ་བཅོས་སྐྱོང་། གྲམ་ཐང་བཅོས་སྐྱོང་། སྣོད་བཅུད་སླར་གསོ་སོགས་ཀྱི་ལས་གྲྭ་གལ་ཆེན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བའི་སྲོག་རྩ་དེ་ཡག་པོ་སྲུང་དགོས་ཞེས་གསུངས་པ་རེད།
    ས་སྲོས་མཚམས་སུ། ཞི་ཅིན་ཕིང་ཝུའུ་ཀྲུང་གྲོང་ཁྱེར་ལི་ཐུང་ཆུས་ཅིན་ཧྭ་གླིང་སྡེ་ཁུལ་དུ་ཕེབས་ཤིང་། སྡེ་ཁུལ་དེར་རྒྱུན་སྡོད་གྲོང་མི་13850ཡོད་པའི་ནང་རྒྱ་རིགས་དང་། ཧུད་རིགས། མན་ཇུ་རིགས། སོག་རིགས། བོད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་བྱས་ཡོད་པས། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་བྱེད་སྒོའི་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་དང་མི་རིགས་མཐུན་སྒྲིལ་གྱི་སྡེ་ཁུལ་འཛུགས་གཏོད་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། སྡེ་ཁུལ་གྱི་དང་བླངས་པའི་འཐུས་མི་དང་ཡང་བྱམས་བརྩེའི་བཀའ་མོལ་གནང་བ་རེད། སྡེ་ཁུལ་ཐང་ཆེན་དུ་དེ་བས་འཁྲུག་ཆ་དོད་ཅིང་། སོལ་དལ་རོལ་རྩེད་ལ་རོལ་བཞིན་པའི་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་མ་ཐག ཚུར་རུབ་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ཀྲུང་ཧྭ་མི་རིགས་ནི་སྣ་མང་གཞི་གཅིག་གི་རླབས་ཆེན་མི་རིགས་ཤིག་རེད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ལུས་མི་རུང་། མི་རིགས་ཁག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་ཀྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ལེགས་ཆ་མངོན་ཡོད། སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་པ་དང་། བདེ་སྐྱིད་ནི་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། ཏང་དང་སྲིད་གཞུང་གི་འབད་བརྩོན་ལྷོད་མེད་དང་མི་རིགས་ཁག་གི་འབད་འཐབ་ལྷོད་མེད་ཡོད་པས། སླད་ཕྱིན་གྱི་འཚོ་བ་དེ་བས་ལེགས་པ་དང་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་ཞེས་གསུངས་པ་རེད།
    རྨ་ཆུའི་དྲིན་ལས་ཉིང་ཞ་ཀླུང་ཐང་གི་ས་རྒྱུ་གཤིན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པས“ལྕགས་རི་རིང་པོའི་བྱང་རྒྱུད་ཀྱི་ནོར་གཞོང”ཞེས་འབོད་ཀྱི་ཡོད། ཚེས་9ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་གི་ཆུ་འབྲས་ཉ་གསོའི་གྲོང་གསེབ་ཀྱི་སྣོད་བཅུད་ལྟ་སྐོར་གླིང་དུ་ཕེབས་ནས། ཉིང་ཞ་ཡི་དེང་རབས་ཞིང་ལས་འཕེལ་རྒྱས་དང་ཞིང་ལས་མཉམ་ལས་ཁང་གིས་ཞིང་པའི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་བྱས་པའི་གཉེར་སྐྱོང་བྱེད་ཐབས་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་། ཉིང་ཞ་ཡི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ནས་ཆུ་འབྲས་དང་ཉ་ལས་འདེབས་གསོའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་གསར་གཏོད་བྱེད་ཐབས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ལྗོངས་གཟིགས་སྒང་དུ་ཕེབས་ནས་གླིང་ཁུལ་གྱི་མཛེས་ལྗོངས་ལ་གཟིགས་པ་དང་། བསིལ་རླུང་དལ་བུར་ལྡང་བ་དང་བསྟུན་ནས་ལྗང་མྱུག་གི་མགོ་ལྕོག་ལྡེམ་ལྡེམ་བྱེད་ལ། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཞི་ཅིན་ཕིང་གིས་ཞིང་ཁའི་རྣང་མ་བརྒྱུད་འབྲས་ཞིང་ནང་དུ་ཕེབས་ནས་དེ་གར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར། ད་ཆ་ས་ཞིང་ནང་བཤུག་གི་དངུལ་དང་ངལ་ནུས་ཀྱི་དངུལ་ལེན་རྒྱུ་ཡོད་ལ། ད་དུང་ལོ་མཇུག་ཏུ་ཐོབ་ཆ་བགོ་བས། ཡོང་འབབ་མང་དུ་ཕྱིན་པ་མ་ཟད། འཚོ་བ་ཡང་འགན་ལེན་འདུག་ཅེས་ཞུས། ཉ་གློད་པའི་དུས་ཚིགས་སུ་འཁེལ་བས། ཞི་ཅིན་ཕིང་གིས་ཉ་སོན་དང་སྡིག་སྲིན་སོན་ཞིང་འགྲམ་གྱི་ཆུ་ཡུར་དུ་གློད་གནང་བ་རེད། ཞི་ཅིན་ཕིང་གིས། དེང་རབས་ཁྱད་ལྡན་ཞིང་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་། ཞིང་པའི་བྱེད་པོའི་གནས་བབ་འབུར་ཐོན་ཡོང་བར་བྱས་ཏེ་ཞིང་པའི་ཁེ་ཕན་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། དེ་བས་ནུས་ལྡན་དང་ཕུགས་ཕན་གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ཏེ། ཡུལ་མི་ཚོར་རྒྱུན་མཐུད་ངང་ཕན་པ་ཐོབ་པར་བྱེད་དགོས། འབྲས་དང་ཆུའི་འགལ་ཟླ་སེལ་རྒྱུར་དོ་སྣང་བྱེད་པ་དང་། ཆུ་གྲོན་ཆུང་གི་ལག་རྩལ་སྤྱོད་པ། ཆུ་གྲོན་ཆུང་གི་རྣམ་པ་དང་ཟུར་སྣོན་རིན་ཐང་མཐོ་བའི་འདེབས་གསོའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་རྨ་ཆུའི་ཆུའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་དགོས། མིག་སྔར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་ཧོ་ལན་ཧྲན་རི་བོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། དབྱིན་ཁྲོན་གྲོང་ཁྱེར་ཤིས་ཞ་ཆུས་ཀྱི་ཡོན་ཧྲེ་ཆང་ཚང་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་ཁོང་གིས་བརྗིད་ཉམས་ལྡན་པའི་ཧོ་ལན་ཧྲན་རི་བོར་རྒྱང་གཟིགས་གནང་བ་དང་། ཧོ་ལན་ཧྲན་རི་བོའི་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གནས་ཚུལ་གྱི་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས། ཧོ་ལན་ཧྲན་རི་བོ་ནི་རང་རྒྱལ་གྱི་རང་བྱུང་ས་གཤིས་དབྱེ་མཚམས་གལ་ཆེན་ཞིག་དང་ནུབ་བྱང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། ནུབ་བྱང་དང་ཐ་ན་རྨ་ཆུ་དང་ཧོའེ་ཧོའི་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་དང་སྣོད་བཅུད་ཆགས་ཚུལ་ལ་འབྲེལ་བ་དམ་ཟབ་ལྡན་ཞིང་། ནུབ་བྱང་དང་ཧྭ་པེ་ས་ཁུལ་གྱི་སྣོད་བཅུད་བདེ་འཇགས་བསྲུངས་བཞིན་ཡོད། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཧོ་ལན་ཧྲན་རི་བོའི་སྣོད་བཅུད་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
    རྒུན་འབྲུམ་འདེབས་འཛུགས་གླིང་དུ། ཞི་ཅིན་ཕིང་གིས་ལས་ཀ་བྱེད་བཞིན་པའི་བཟོ་པ་དང་ལག་རྩལ་མི་སྣའི་དབར་སྤེལ་རེས་གནང་བ་མ་ཟད། རྒུན་འབྲུམ་འདེབས་འཛུགས་ལག་རྩལ་དང་། ཐོན་རྫས་ཕྱིར་འཚོང་། ཡོང་འབབ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཧོ་ལན་ཧྲན་རི་བོའི་ཤར་འདབས་སུ་ཉི་འོད་དྲོ་ཞིང་འཇམ་པ་དང་ཡུར་ཆུ་འདྲེན་བདེ་བས། རྒུན་འབྲུམ་འདེབས་འཛུགས་བྱས་ན་འཚམ་པོ་ཡོད། ཞི་ཅིན་ཕིང་གིས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པར་བརྟེན་རྒུན་འབྲུམ་ཨ་རག་ཐོན་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། ཉིང་ཞ་ཡིས་རྒུན་འབྲུམ་ཨ་རག་ཐོན་ལས་དང་རྨ་ཆུའི་གྲམ་ཐང་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིག་གནས་ཀྱི་སྙིང་དོན་ཟབ་ཏུ་གཏོང་བ། དྲིལ་བསྒྲགས་འོས་སྦྱོར་ངོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། རང་ཉིད་ཀྱི་གྲགས་ཅན་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཟུར་བསྣན་རིན་ཐང་དང་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
    ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཉིང་ཞ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཉིང་ཞ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒྱུར་དགོས་པ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་མྱུར་བྱེད་པ། སྒུལ་ནུས་གསར་རྙིང་མགྱོགས་མྱུར་བརྗེ་སྒྱུར་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཐད་གྲངས་འབོར་ལུགས་མཐུན་ངང་འཕར་བ་བྱེད་པ་དང་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་ཁྲལ་གྲོན་ཁུར་པོ་ཡང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་དང་རྣམ་གྲངས་ཆེ་གྲས་ལ་མ་འཇོག་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་ཆབས་ཅིག ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སླར་གསོར་འཕྲད་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་དེར་སྟངས་འཛིན་ནན་པོ་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས། ཐོན་སྐྱེད་དང་། བགོ་བཤའ། འགྲོ་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་བགྲོད་ཐུབ་པར་བྱེད་དགོས། གསར་གཏོད་མཉམ་འགུལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་འདི་ཉིད་རྩེར་སོན་ཅན་དང་། ལྗང་མདོག་ཅན། རིག་ནུས་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་མགྱོགས་མྱུར་བསྐྲུན་ཏེ། ཉིང་ཞ་ཡི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་དེ་བས་མང་བ་ཁྲོམ་རར་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཚད་གཞིར་འཛིན་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཞན་ཆའི་ལྷུ་ཚིགས་ལ་དམིགས་པ། ངར་ཤུགས་གཅིག་སྒྲིམ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དུས་བཀག་ལྟར་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་བྱེད་དགོས། གནས་སྤོས་ཡུལ་མིའི་གནས་སྤོས་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། གནས་སྤོས་མང་ཚོགས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བར་ད་ཡོད་ཀྱི་སྲིད་ཇུས་སྤྱིར་བརྟན་པོ་ཡོད་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
      ཞི་ཅིན་ཕིང་གིས་བསྟན་དོན། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རི་དང་། ཆུ་བོ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱེད་པ། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་རྣམ་པ་བཟང་སྒྲིག་བྱེད་པ། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་བཅས་བྱས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། རྨ་ཆུའི་ཡུན་རིང་བདེ་འཁོད་འགན་སྲུང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཆུ་ལམ་དང་གྲམ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱེད་པ་དང་། ངོགས་གཉིས་ཀྱི་ཆུ་རགས་དང་། ཆུ་ལམ་ཚོད་འཛིན་དང་ཁྲིད་སྟོན། གྲམ་ཐང་བཅོས་སྐྱོང་བཅས་སྤྱི་འདོམས་ལ་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། སྣོད་བཅུད་སྲུང་སྐྱོང་སླར་གསོ་དང་ཁོར་ཡུག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྨ་ཆུའི་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་ཧུར་ཐག་བསྐྲུན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་བྲལ་ལས་ཤོར་མི་སྣ་དང་། མཐོ་སློབ་སློབ་ཐོན་སློབ་མ། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་མགྱོགས་མྱུར་བསྐྲུན་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ངང་སྤེལ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

ཟླ་6ཚེས་9ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ཆུ་འབྲས་དང་ཉ་གསོའི་ཤང་གྲོང་སྣོད་བཅུད་ལྟ་སྐོར་གླིང་དུ་ཕེབས་ནས་ལས་ཀ་བྱེད་བཞིན་པའི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཟླ་6ཚེས་9ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ཆུ་འབྲས་དང་ཉ་གསོའི་ཤང་གྲོང་སྣོད་བཅུད་ལྟ་སྐོར་གླིང་དུ་ཕེབས་ནས་ལས་ཀ་བྱེད་བཞིན་པའི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ། 

  
style="display:none;"