མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་
འདུ་ཐེངས་ཉི་ཤུ་པར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་07ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཕྱི་འབྲེལ་པུས་ཀྲུང་ཕྱིའི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཕྱི་འབྲེལ་པུས་ཀྲུང་ཕྱིའི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་གཡོད་ཡུས་ཁྲེང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། གསར་འགོད་པའི་འདྲི་བར་ལན་ཡང་བཏབ་པ་རེད།
   གཡོད་ཡུས་ཁྲེང་གིས། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། ཟླ་11ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་རྒྱུ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། ད་ཐེངས་ཀྱི་ཚོགས་འདུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུས་གཙོ་གཉེར་བྱས་པ་དང་། བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོག་རྒྱུ་རེད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་ཕྱོགས་མང་རྩ་འཛུགས་ཀྱི་དབུ་ཚོགས་ནང་ཞུགས་ཐེངས་དང་པོ་ཡིན་ལ། འདི་ལོ་ཀྲུང་གོས་ཡོ་རོབ་དང་ཨེ་ཤེ་ཡའི་ས་ཁུལ་ལ་ཕྱོགས་པའི་ཕྱོགས་མང་ཕྱི་འབྲེལ་གྱི་བྱ་སྤྱོད་གལ་ཆེན་ཡང་ཡིན་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་འདུའི་རིང་། ཕྱོགས་ཁག་གིས་རིམས་ནད་ཀྱི་དུས་བབ་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་སྔོན་ལ་བསྒྲུབ་བྱའི་ལས་འགན་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་གཙོ་བོར་དམིགས་ནས་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད། གོ་ལ་ཧྲིལ་པོའི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་ཕན་ཚུན་མཉམ་འདྲེས་ཀྱི་རྒྱབ་ལྗོངས་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱིས་བརྙན་ལམ་རྣམ་པའི་ཐོག་ནས་དབུ་ཚོགས་འཚོགས་པ་དེ་ཐོག་ནས། ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ། ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།
   གཡོད་ཡུས་ཁྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་ལྷན་དུ་ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། བདེ་འཇགས་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་གཏིང་ཟབ་གནང་ནས། “ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁུལ་གྱི་མཉམ་ལས་གྲོས་འགོ་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པ་སོགས་ཀྱི་ཐད་གྲོས་འགོ་དང་འདོད་ཚུལ་རབ་དང་རིམ་པ་འདོན་པ་བཅས་ཀྱི་ཐོག་ནས་རིམས་ནད་རྗེས་ཀྱི་དུས་སྐབས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་དབུ་ཚོགས་ཐོག་གཏམ་བཤད་སྤེལ་ནས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པའི་མཉམ་ལས་ཡིག་ཆར་ཆོག་མཆན་འགོད་རྒྱུ་རེད། ཕྱོགས་ཁག་གིས་ད་ཐེངས་ཀྱི་དབུ་ཚོགས་གོ་སྐབས་སུ་བཟུང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གསར་པ་གཅིག་ཏུ་སྒྲིལ་བ། མཉམ་ལས་ཀྱི་བྱེད་ཐབས་གསར་པ་ཆགས་པ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དར་རྒྱས་ཡོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཀྲུང་གོ་ཕྱོགས་ཀྱིས་རེ་སྒུག་བྱེད་ཀྱི་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ། སྒོ་དབྱེ་དང་། བསྟུན་མཁས། མཉམ་ལས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ལ་བརྟེན་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"