མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་དྲུག་པའི་ཐོག་ནན་བཤད་
གནང་དོན།བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་དང་བདེ་འཇགས་ཀྱི་བཀོད་པ་ཆེན་
པོ་བཏོད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་
ཆེད་འགན་ལེན་བརྟན་པོ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་14ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ■ རྒྱལ་ཁབ་བདེ་འཇགས་ལས་དོན་ནི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་ལ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འགོད་རྒྱུ་འགན་ལེན་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་ཀྱང་ཡིན། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པར། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱེད་པ། རྒྱལ་ཁབ་བདེ་འཇགས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག་བྱེད་པ། བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཀྱི་བཀོད་པ་ཆེན་པོ་གཏོད་པ། རྒྱལ་སྤྱིའི་བདེ་འཇགས་དང་འཛམ་གླིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
    ■ ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི《གྲོས་འགོའི》ནང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློའི་ནང་ཐེངས་དང་པོ་བཅུག་པ་དང་འབྲེལ། ཆེད་དོན་ལེའུ་དང་ས་བཅད་བཟོས་ནས་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ་གལ་ཆེན་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་དུས་བབ་དང་ལས་འགན་གྱིས་གཏན་འཁེལ་བྱས་པ་ཞིག་རེད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་དྲུག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ནི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་ལ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འགོད་རྒྱུ་འགན་ལེན་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་ཀྱང་ཡིན། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱེད་པ། རྒྱལ་ཁབ་བདེ་འཇགས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག་བྱེད་པ། བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཀྱི་བཀོད་པ་ཆེན་པོ་གཏོད་པ། རྒྱལ་སྤྱིའི་བདེ་འཇགས་དང་འཛམ་གླིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཀྲུང་གོ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡོན་ཧྥུང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ལས་ཀའི་གྲོས་འགོ་ཡང་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་ཆབས་ཅིག་གྲོས་བསྡུར་ཡང་གནང་བ་རེད།
   ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི《གྲོས་འགོའི》ནང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློའི་ནང་ཐེངས་དང་པོ་བཅུག་པ་དང་འབྲེལ། ཆེད་དོན་ལེའུ་དང་ས་བཅད་བཟོས་ནས་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ་གལ་ཆེན་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་དུས་བབ་དང་ལས་འགན་གྱིས་གཏན་འཁེལ་བྱས་པ་ཞིག་རེད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། རང་རེའི་ཏང་ནི་རྒྱལ་ཁབ་ནང་རྩོད་ཕྱི་འཁྲུག་དང་མི་རིགས་ལ་ཉེན་ཁ་དང་གོད་ཆག་བྱུང་བའི་སྐབས་སུ་དབུ་བརྙེས་པ་ཞིག་ཡིན་པས། རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་སུ་ངེས་པའི་ངོས་འཛིན་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ནང་འཇུག་པ་དང་། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་བདེ་འཇགས་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱེད་པ། རྒྱལ་ཁབ་བདེ་འཇགས་ལས་དོན་ལ་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་གལ་ཆེན་ཁག་གི་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁ་དང་འགྲན་སློང་ཆེ་རིགས་རབ་དང་རིམ་པར་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་པ་བརྒྱུད། རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པའི་ཐད་བླང་བྱ་ཁག་10བཏོན་གནང་བ་སྟེ། གཅིག་ནས་ཏང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་འགོ་ཁྲིད་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ། ཆབ་སྲིད་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་གོང་དུ་བཀུར་རྒྱུ་ཟུང་འབྲེལ་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། གསུམ་ནས་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་རྣམས་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་ལ་བརྩི་བ་བཅས་བྱས་ནས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ཡག་པོ་ཡོང་བ་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། རྒྱལ་ཁབ་བདེ་འཇགས་ཀྱི་བསམ་ཕྱོགས་དང་། སྒྲིག་སྲོལ། བྱ་ཐབས་བཅས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ།
    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པ། འཕེལ་རྒྱས་གཏོང་རིང་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་དེ་བས་མང་བ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་འགུལ་རྣམ་དོ་སྙོམས་ཡོང་བར་འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ལྔ་ནས་ཆབ་སྲིད་ཀྱི་བདེ་འཇགས་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། ཕྱོགས་ཁག་གི་ལས་དོན་དེ་བས་ཧུར་ཐག་དང་རང་འགུལ་ངང་ཡག་པོ་སྒྲུབ་དགོས། དྲུག་ནས་ཁྱབ་ཁོངས་ཁག་གི་བདེ་འཇགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་སྤྱི་འདོམས་ཁ་གཏད་གཅོག་པ། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་པ། རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་བྱ་ཐབས་ཡག་པོ་སྤྱོད་པ་བཅས་བྱེད་དགོས། བདུན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་འགོག་ཟོན་དང་སེལ་རྒྱུ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེན་ཁ་སྔོན་དྲན་དང་སྔོན་དཔག་བརྡར་གཅོད་བྱེད་ནུས་ཆེ་རུ་བཏང་ནས། ཉེན་ཁ་ཆེན་པོ་ཐོན་སྲིད་པའི་མངོན་མེད་རྐྱེན་ངན་ཤེས་རྟོགས་དང་ཐོན་མ་ཐག་པའི་སྐབས་སུ་ཐག་གཅོད་ཐུབ་པའི་བརྩོན་ལེན་བྱེད་དགོས། བརྒྱད་ནས་རྒྱལ་སྤྱིའི་ཐུན་མོང་གི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་གོ་ལ་ཧྲིལ་པོའི་བདེ་འཇགས་ལྟ་བ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཡོངས་ཁྱབ་བདེ་འཇགས་ཡིན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས། དགུ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། མ་ལག་ཆ་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་ལམ་ལུགས་ཀྱི་མ་ལག་སྐྲུན་པ། ཚན་རིག་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་རྣམ་པ་གཏོད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། བཅུ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་འཐབ་ཕྱོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། གཞོམ་ཞིག་མེད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

  
style="display:none;"