མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་27ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་4ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཀུན་སྤྱོད་འཛུགས་གཏོད་ཐོག་ཁང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རིག་ལྡན་སློབ་ཁང་གི་སློབ་ཁྲིད་ལ་གཟིགས་སྦྱོང་གནང་བ་དང་ཆབས་ཅིག་གྲོས་བསྡུར་ནང་ཞུགས་པ།

ཟླ་4ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཀུན་སྤྱོད་འཛུགས་གཏོད་ཐོག་ཁང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རིག་ལྡན་སློབ་ཁང་གི་སློབ་ཁྲིད་ལ་གཟིགས་སྦྱོང་གནང་བ་དང་ཆབས་ཅིག་གྲོས་བསྡུར་ནང་ཞུགས་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས་25ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་ཡོངས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ། གཞོན་ནུའི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས་མི་རིགས་བསྐྱར་དར་གྱི་ཆོད་སེམས་བརྟན་པོ་བཙུགས་ཏེ་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཏེ་ལང་ཚོའི་དུས་ཚོད་དམ་འཛིན་ཧུར་ཐག་གིས་དེང་རབས་གཞོན་ནུའི་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། གསོ་སྐྱོང་ཇི་ལྟར་བྱེད་པ”བཅས་ནི་ཐོག་མཐའ་བར་གསུམ་དུ་སློབ་གསོའི་གཞི་རྩའི་གནད་དོན་ཞིག་ཡིན་པས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ་བྱེད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་སློབ་ཆེན་གཉེར་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་སློབ་ཆེན་སྐྲུན་པའི་ལམ་བུ་གསར་པ་ཞིག་གཏོད་དགོས། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་། ཁྱབ་སྤེལ་ཧུར་ཐག་གཏོང་མཁན། དཔེ་སྟོན་ལག་བསྟར་བྱེད་མཁན་བཅས་བྱས་ཏེ་དཔའ་བོར་སློབ་སྦྱོང་དང་། རྒན་རབས་པར་སློབ་སྦྱོང་། མིག་དཔེར་སློབ་སྦྱོང་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་20ཙམ་ལ་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཏུང་ཀང་དང་སློབ་སྤྱི་ལིའུ་ཝུའེ་ཡི་ཕེབས་རོགས་འོག་སྔོན་ལ་ཀུན་སྤྱོད་འཛུགས་གཏོད་ཐོག་ཁང་དུ་ཕེབས་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རིག་ལྡན་སློབ་ཁང་གི་སློབ་ཁྲིད་ལ་གཟིགས་སྦྱོང་གནང་བ་རེད། ཞི་ཅིན་ཕིང་གིས་ན་གཞོན་སློབ་མ་དང་མཉམ་དུ་བཞུགས་ཏེ་སློབ་ཚན་ནན་ཏན་ངང་གསན་པ་དང་ཆབས་ཅིག་གྲོས་བསྡུར་ནང་ཞུགས་པ་དང་། དེ་རྗེས་སློབ་གྲྭས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་མཐོ་མཁས་རྩེ་གསུམ་གྱི་ཆུ་ཚད་ལྡན་པའི་བསམ་བློ་ཆབ་སྲིད་སློབ་ཚན་བཏོད་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཁྲོད་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱིས་འདོན་དགོས་ངེས་ཀྱི་ནུས་པ་འདོན་ཐུབ་མིན་གྱི་འགག་རྩ་ནི་མཐོང་ཆེན་བྱེད་མིན་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) འཚམ་པོ་ཡོད་མེད། ཡག་པོ་སྒྲུབ་མིན་བཅས་ལ་ཐུག་ཡོད། བསམ་བློ་ཆབ་སྲིད་སློབ་ཚན་གྱི་ངོ་བོ་ནི་གནས་ལུགས་བརྗོད་རྒྱུ་དེ་ཡིན་པས། བྱེད་སྟངས་དང་ཐབས་ཤེས་ལ་དོ་སྣང་བྱས་ནས་གནས་ལུགས་གཏིང་ཟབ་བརྗོད་པ་དང་། ཁ་གསལ་བརྗོད་པ། གང་ལ་དེ་འཚམ་གྱིས་བརྗོད་པ་བཅས་བྱེད་དགོས། དགེ་རྒན་གྱིས་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་བྱེད་པ་དང་སློབ་མས་རིག་པ་བསྒྲིམས་ནས་གོ་བ་བླངས་ཏེ་སེམས་ཁམས་འབྲེལ་མཐུད་དང་། བློ་འབྱེད་སེམས་མནལ། དཔའ་ངར་ཆེར་སྐྱེད་བཅས་ཡོང་བ་བྱེད་དགོས། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོ་ནི་རྒྱུན་མཐུད་པའི་བརྒྱུད་རིམ་ཞིག་ཡིན་པས། གཞོན་ནུ་ལོ་ཆུང་འཚར་ལོངས་ཀྱི་དུས་མཚམས་མི་འདྲ་བར་གཞིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་བསམ་བློ་ཆབ་སྲིད་སློབ་གསོ་སྤེལ་དགོས་པའི་ནན་བཤད་གནང་བ་རེད། མི་དམངས་སློབ་ཆེན་གྱིས་ཤུགས་སྣོན་ཆད་མེད་དང་། སྙིང་རུས་གཏན་འཁྱོངས། ཡག་ཐོག་ཡག་བརྩེགས་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ལ་སློབ་ཚན་ཡག་པོ་དེ་བས་མང་པོ་མཁོ་འདོན་བྱེད་དགོས་པའི་ཐུགས་རེ་གནང་བ་མ་ཟད། ས་གནས་ཁག་གི་མཐོ་སློབ་ཀྱིས་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་མཉམ་འཛུགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐུལ་ལྕག་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་མ་ཚོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ལམ་འབྱེད་གདོང་ལེན་པ་བྱེད་ཕོད་པ་དང་བྱ་གཞག་གཏོད་པའི་གདོང་མཆོང་དཔའ་བོར་བརྩོན་ལེན་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
     ཀྲུང་གོ་མི་དམངས་སློབ་ཆེན་གྱི་དཔེ་མཛོད་ཁང་གིས་མི་ཆོས་སྤྱི་ཚོགས་ཚན་རིག་རིག་གཞུང་བཅས་ཀྱི་ཚད་ལྡན་ཡིག་ཆ་གཙོ་བོར་ཉར་ཚགས་བྱས་ཡོད་ལ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི་410ལྷག་ཙམ་ཡོད་པ་རེད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཉར་ཚགས་བྱས་པའི་གསར་བརྗེའི་ཚད་ལྡན་ཡིག་ཆ་དང་གནའ་དཔེ་གཅིག་སྡུད་འགྲེམས་སྟོན་ལ་རྟོག་ཞིབ་གནང་བ་དང་། དེང་རབས་ཅན་གྱི་འཚོལ་བཤེར་ལས་སྟེགས་དང་ཚགས་པར་དུས་དེབ་ཀྱི་དཔྱད་ཡིག་པར་སློག་སོགས་གྲངས་འཛིན་ཅན་གྱི་རིག་གཞུང་ཐོན་ཁུངས་ལ་གཟིགས་ཞིབ་གནང་བ། སློབ་གྲྭས་ཚད་ལྡན་ཡིག་ཆ་དང་གནའ་དཔེ་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་རིགས་གཞུང་གི་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་ཚུལ་སོགས་ཀྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་མི་དམངས་སློབ་ཆེན་གྱིས་ཉར་ཚགས་བྱས་པའི་གསར་བརྗེའི་ཚད་ལྡན་ཡིག་ཆས་རང་རེའི་ཏང་གིས་ཚད་ལྡན་གྱི་མཐོ་རིམ་སློབ་གསོ་གཉེར་སྐབས་ཀྱི་དཀའ་ཚེགས་ལོ་རྒྱུས་ཆོད་སྡོམ་ར་སྤྲོད་བྱས་ཡོད། དེ་ནི་གསར་བརྗེའི་དྲན་ཤེས་ཧ་ཅང་རྩ་ཆེན་ཞིག་ཡིན་པས་སྲུང་སྐྱོབ་ཡག་པོ་བྱས་ཏེ་གྲངས་འཛིན་ཅན་ལ་རིམ་བཞིན་སྐུལ་འདེད་བཏང་ནས་མི་དེ་བས་མང་པོར་སློབ་གསོ་ཐེབས་པ་དང་བློ་སྒོ་འབྱེད་དགོས། དེང་རབས་ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ་གནའ་དཔེ་དང་གསུང་རབ་སྲུང་སྐྱོབ་ཉམས་གསོ་དང་ཕྱོགས་བསྡུས་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་གསུང་རབ་ནང་འདུས་པའི་མཚན་ཉིད་རིག་པའི་དགོངས་པ་དང་། མི་ཆོས་སྙིང་སྟོབས། རིན་ཐང་འདུ་ཤེས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ལྡན་པའི་ངང་གཞན་སྒྱུར་དང་གསར་གཏོད་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིག་གཞུང་ཐོན་ཁུངས་མཛོད་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིག་གཞུང་ཚད་ལྡན་ཡིག་ཆའི་ཆ་འཕྲིན་བརྒྱུད་བསྒྲགས་དང་། འཚོལ་བསྡུ། བསྡུ་སྒྲིལ། རྩོམ་སྒྲིག རྒྱ་སྐྱེད། མཉམ་སྤྱོད་བཅས་ཀྱི་བྱེད་ནུས་དེ་བས་འདོན་སྤེལ་ཡག་པོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་རིག་གཞུང་ཐོན་ཁུངས་ཀྱི་ཆ་འཕྲིན་ལས་སྟེགས་བཏོད་དེ་རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     དེ་རྗེས། ཞི་ཅིན་ཕིང་དུས་རབས་ཁང་གི་ཚོམས་ཆེན་བྱང་མར་ཕེབས་ནས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་འཐུས་མི་དང་བཞུགས་མོལ་གནང་ཞིང་། ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཏུང་ཀང་དང་། “མི་དམངས་ཀྱི་སློབ་གསོ་མཁས་ཅན”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀའོ་མིང་ཤོན། དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲའོ་ཧྥུང་། གསར་འགྱུར་སློབ་གླིང་གི་འབུམ་རམས་པ་ཀྲོའུ་ཞའོ་ཧུའེ། མཚན་ཉིད་རིག་པའི་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་སློབ་མ་ཝང་ཧའེ་རུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། བཞུགས་མོལ་གནང་ཡུལ་དུ་བག་ཕེབས་ཤིང་དགའ་སྤྲོའི་རྣམ་པས་ཁེངས།
     ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་རྒྱལ་ལ་དམིཌ་བསལ་གྱི་ལོ་རྒྱུས་དང་། དམིགས་བསལ་གྱི་རིག་གནས། དམིགས་བསལ་གྱི་རྒྱལ་བབ་བཅས་ཡོད་པས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་སློབ་ཆེན་བསྐྲུན་པར་གཞན་གྱི་རྗེས་སུ་བསྙེགས་ནས་གཞན་དཔེ་རང་སྤྱོད་མི་བྱེད་པ་དང་ཕྱི་རྒྱལ་སློབ་ཆེན་དེ་ཉིད་ཚད་གཞི་དང་དཔེ་དབྱིབས་ལ་སྟབས་བདེ་པོས་མི་འཛིན་པར། ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་སློབ་ཆེན་སྐྲུན་པའི་ལམ་བུ་གསར་པ་ཞིག་གཏོད་དགོས། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཧྲའན་པེ་སྤྱི་སློབ་བཙུགས་པའི་ཐོག་མའི་དུས་ནས“གསར་བརྗེའི་གདོང་ལེན་རུ་ཁག”གསོ་སྐྱོང་བྱེད་དགོས་ཞེས་གསལ་པོར་བཏོན་པ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ“རྒྱལ་འཛུགས་ལས་བྱེད་པ་ཁྲི་སྟོང”གསོ་སྐྱོང་བྱེད་དགོས་ཞེས་བཏོན་པའི་བར། དེ་ནས་སྒྱུར་བཅོས་སྒོ་དབྱེའི་དུས་མཚམས་གསར་པའི་སྐབས་སུ“རྒྱལ་དམངས་ཀྱི་མིག་དཔེ་དང་། སྤྱི་ཚོགས་ཀྱི་རྐང་འཛིན་པ”གསོ་སྐྱོང་བྱེད་དགོས་ཞེས་བཏོན་པའི་བར་དང་། ཡང་དེ་ནས་དུས་རབས་གསར་པར“བསྐྱར་དར་གྱི་རྐང་འཛིན་པ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་གདོང་ལེན་པ”གསོ་སྐྱོང་བྱེད་དགོས་ཞེས་བཏོན་པའི་བར་བཅས་ལ“ཏང་ཆེད་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང”བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྱིན་མེད། དེ་ཐོག་ནས“ཏང་གིས་གཉེར་བའི་སློབ་ཆེན་གྱིས་ཏང་བློ་བདེ་པོ་ཡོང་བར་བྱེད་པ་དང་། མི་དམངས་སློབ་ཆེན་གྱིས་མི་དམངས་ལ་ངོ་གནོང་མི་དགོས་པའི”བསམ་པའི་གཤིས་སྤྱོད་གསལ་པོར་མངོན་ཡོད་ཅེས་ནན་བཤད་གནང་བ་རེད། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་བསྒྲུབས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དེ་མི་དམངས་སློབ་ཆེན་གྱི་དགེ་སློབ་ཚོའི་རང་རྟོགས་ཀྱི་བརྩོན་ལེན་བྱ་གཞིར་འགྱུར་བའི་ཐུགས་རེ་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། མཐོ་སློབ་ནི་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི“ལམ་ལྔའི་དཔུང་ཆེན”ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། མིག་སྔར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཐད་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གསར་པ་འབོར་ཆེན་བཏོན་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ནས། “འཛམ་གླིང་གང་འདྲ་བྱས་པ་རེད་དམ”དང“མིའི་རིགས་ཀྱི་མདུན་ལམ་གང་དུ་ཡོད་དམ”ཞེས་པའི་དུས་རབས་ཀྱི་བརྗོད་གཞིར་ལན་འདེབས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཞི་ཚུགས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གང་མགྱོགས་གཏོད་རྒྱུ་དེ་མཐར་གཏུགས་ནས་བཤད་ན་ཀྲུང་གོའི་རང་རྟེན་གྱི་ཤེས་བྱའི་མ་ལག་འཛུགས་རྒྱུ་དེ་རེད། ཀྲུང་གོར་ལྟ་བ་དང་། དུས་རབས་ལ་ལྟ་བ། ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ། ཀྲུང་གོའི་གནད་དོན་ཐག་གཅོད་བཅས་བྱེད་པར། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་ལྡན་པའི་ངང་གཞན་སྒྱུར་དང་གསར་གཏོད་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། ཤེས་བྱ་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། བྱ་ཐབས་གསར་གཏོད་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛམ་གླིང་རིག་གཞུང་གི་གར་སྟེགས་ཐོག་འགྱིང་ངེར་གནས་ཐུབ་པ་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་ཁ་ཕྱོགས་གསལ་པོ་དང་། རིང་ལུགས་བདེན་པ། ཡོན་ཚད་མཐོ་བ། སྤྱོད་ལམ་ལེགས་པ་བཅས་ཡོང་བ་བྱས་ཏེ། རང་རྟོགས་ངང་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་རྒྱུ་དེ་རིག་གཞུང་གི་རང་འཁྲིའི་ལས་འགན་དུ་འཛིན་པ་དང་། ཀྲུང་གོའི་ལམ་བུ་དང་། ཀྲུང་གོའི་སྐྱོང་ལུགས། ཀྲུང་གོའི་གནས་ལུགས་བཅས་མཚོན་པར་བྱ་རྒྱུ་དེ་བསམ་བློའི་དོན་གཉེར་བྱ་ཡུལ་ཏུ་བརྩིས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་དང་། རྩ་བའི་རང་བཞིན། འགག་རྩའི་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཐད་འཇོན་ཐང་ངོ་མ་འདོན་པ་དང་གྲུབ་འབྲས་ཡག་པོ་ཐོབ་པ་བྱེད་དགོས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་མཉམ་འདྲེས་དང་ཤེས་དཔལ་སྤེལ་རེས་ཟབ་ཏུ་གཏོང་བའི་ཁྲོད་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས། ཀྲུང་གོའི་བསམ་ཕྱོགས་བཅས་བརྒྱུད་བསྒྲགས་བྱས་ཏེ་འཛམ་གླིང་གིས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་ཐུབ་པ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གྲྭ་ཡག་པོ་ཚང་མར་རང་སོ་སོའི་ཁྱད་ཆོས་རེ་ཡོད་མོད། འོན་ཀྱང་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཚང་མར་ཕུལ་བྱུང་གི་དགེ་རྒན་དཔུང་ཁག་ཅིག་ཡོད་པ་དེ་རེད། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སློབ་མ་ཚོ་མི་སྣ་གང་འདྲ་ཞིག་ལ་གསོ་སྐྱོང་བྱེད་པར་ཐོག་མར་རང་ཉིད་ཀྱང་མི་དེ་འདྲ་ཞིག་ཏུ་འགྱུར་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར། ང་ཚོར་ཆེད་ལས་ཀྱི་ཤེས་བྱ་བྱང་ཆུབ་པའི“ཡོངས་འཛིན”ལྟ་བུའི་དགེ་རྒན་དགོས་གལ་ཆེ་བ་མ་ཟད། ཀུན་སྤྱོད་བཟང་བའི་མི་བྱེད་སྟངས་སློབ་མཁན་གྱི་དགེ་རྒན་བཟང་པོ་ཞིག་ཀྱང་དགོས་གལ་ཆེ་བས། ཤེས་བྱ་སློབ་ཁྲིད་དང་ཀུན་སྤྱོད་གསོ་སྐྱོང་གཉིས་ཀ་ཧུར་ཐག་བྱེད་དགོས། སློབ་གསོ་ནི་བྱམས་དང་བརྩེ་བས་ཕྱུག་པའི་བྱ་གཞག་ཅིག་ཡིན་པས། བརྩེ་བ་ཡོད་ན་གཞི་ནས་འགན་འཁྲི་འོང་ཐུབ། རྒྱ་ཆེའི་དགེ་རྒན་ཚོས་བྱམས་བརྩེ་དང་དམ་ནན་གཉིས་ཀ་མཉམ་འཛིན་བྱེད་པ་དང་རང་སྤེལ་གཞན་སྐྱོང་བྱེད་པ། ཀུན་སྤྱོད་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་སློབ་མའི་སེམས་ཁམས་ལ་འོད་སྣང་སྦྱིན་པ། རིག་གཞུང་གི་ཡོན་ཚད་ལ་བརྟེན་ནས་སློབ་མའི་བློ་རིག་གི་མུན་པ་སེལ་བ། རང་ཉིད་ཀྱི་དྲོ་སྐྱིད་དང་བརྩེ་སེམས་སློབ་མར་བཅངས་ནས་སློབ་མ་ཚང་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་ཕྲུ་གུ་ཚང་མར་མི་ཚེའི་ངོ་མཚར་གཏོད་པའི་གོ་སྐབས་ཐོབ་པར་བྱེད་དགོས། དགེ་རྒན་ལ་ཁ་བཤད་ལག་བསྟར་དང་རང་གི་བྱ་སྤྱོད་ལ་ཚོད་འཛིན་ཐུབ་པའི་རང་རྟོགས་ཡོད་དགོས། རང་ཉིད་ཀྱི་ཀུན་སྤྱོད་བློ་སྦྱོང་ཟམ་མི་ཆད་པར་བྱས་ཏེ། དཔེ་སྟོན་གྱི་བྱ་སྤྱོད་ལ་བརྟེན་ནས་སློབ་མར་ཤུགས་རྐྱེན་དང་སྐུལ་ཁྲིད་ཀྱིས་སློབ་མ་ཚོའི་སློབ་སྦྱོང་དང་། ལས་སྒྲུབ། མི་གཤིས་བཅས་ཀྱི་སློབ་དཔོན་ཆེ་མོ་ཞིག་ཏུ་འགྱུར་བ་དང་། སྤྱི་ཚོགས་ཀྱིས་བརྩི་འཇོག་བྱེད་པའི་མིག་དཔེ་དང་སྐྱེ་བོ་ཀུན་གྱི་མིག་དཔེར་འགྱུར་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གཞི་ཚུགས་པ་དང་ཀྲུང་གོའི་གཞོན་ནུའི་འབད་འཐབ་ཀྱི་དམིགས་ཚད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གཅིག་ཏུ་བསྡུས་ནས་བརྗོད་ན། དེ་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱ་རྒྱུ་དེ་རེད། རྒྱ་ཆེའི་གཞོན་ནུ་ཚོས་གོམ་སྟབས་ཆེན་པོས་མེས་རྒྱལ་གྱི་ས་ཆ་གང་སར་སྐྱོད་པ་དང་། རང་གི་མིག་ཟུང་ལ་བརྟེན་ནས་ཀྲུང་གོའི་སྙིང་སྟོབས་གསལ་རྟོགས་བྱེད་པ། རང་གི་རྣ་བར་བརྟེན་ནས་མི་དམངས་ཀྱི་འབོད་སྒྲ་ཉན་པ། རང་གི་སེམས་གཏིང་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཉམས་ལེན་བཅས་བྱས་ཏེ་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་དེ་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་བྱ་གཞག་དོན་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་མཉམ་འདྲེས་ཐུབ་རྒྱུའི་རེ་བ་ཡོད།

ཟླ་4ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་དང་ཆབས་ཅིག་གསུང་བཤད་གལ་ཆེན་གནང་བ།
ཟླ་4ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་དང་ཆབས་ཅིག་གསུང་བཤད་གལ་ཆེན་གནང་བ།

  
style="display:none;"