མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་མ་ཁེ་རུན་ཧྥ་རན་སེའི་ཙུང་ཐུང་ལ་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་27ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཁེ་རུན་ལ་གློག་འཕྲིན་བཏང་ནས་ཁོང་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་ལྔའི་རིང་ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་བ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ཇེ་ཟབ་ཏུ་ཕྱིན་ཏེ། དཔུང་པ་མཉམ་གཤིབ་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པ་དང་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀ་རང་བཙན་རང་བདག་གི་སྲོལ་རྒྱུན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་གཏིང་ཟབ་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ཀྱི་དོན་སྙིང་དེ་བས་མངོན་གསལ་དོད་པོ་ཡོད། ངས་སྔ་བར་ཕྱི་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་བཟུང་སྟེ་མུ་མཐུད་ཙུང་ཐུང་མ་ཁེ་རུན་དང་མཉམ་དུ“རང་ཚུགས་རང་བདག་དང་། ཕན་ཚུན་བསམ་ཤེས། གཟིགས་རྒྱང་རིང་བ། གཉིས་ཁེ་གཉིས་ཕན”བཅས་ཀྱི་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བཅངས་བ་དང་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"