མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་དྷུ་ཤང་པེ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྷུ་ཤང་པེར་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཆར་གཞི་ལྷན་དུ་བཀོད་གནང་བ་དང་ཆབས་ཅིག་ཟོལ་མེད་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་གྱི་མཛའ་གྲོགས་འཕེལ་རྒྱས་གཏོང་བར་གཞོལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་རྒྱུར་མོས་མཐུན་གཅིག་མཐུན་གནང་བ་རེད།
     དང་ཐོག་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱིས་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་དབུ་ཚོགས་ཐེངས་ལྔ་པ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་དབུ་ཚོགས་ཐོག་གྲུབ་པའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་ལས་འཛམ་གླིང་ལ་བརྡ་རྟགས་ཡག་པོ་ཞིག་བཏང་ནས་དྲང་ནུས་བསྣན་ཡོད། ཐ་ཇིག་སི་ཐན་གྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཕྱིར་ལས་དོན་འབོར་ཆེན་བསྒྲུབས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད་ལ། ཐ་ཇིག་སི་ཐན་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་སྤྱི་ཡོངས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་27སོང་རིང་། ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་ཐ་རྒྱལ་ཁབ་གཉིས་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་། ཟོལ་མེད་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོ། མཉམ་ལས་གཉིས་ཕན་གྱི་རོགས་ཟླ་བཟང་པོ། ཕན་ཚུན་རོགས་སྐྱོར་བྱེད་མཁན་གྱི་སྤུན་གྲོགས་བཟང་པོ་བཅས་སུ་གྱུར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། “སྤུན་གྲོགས་ཀྱིས་སྤུན་གྲོགས་ཡག་པོ་ཡོང་བའི་རེ་བ་དང་ཁྱིམ་མཚེས་ཀྱིས་ཁྱིམ་མཚེས་ཡག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཀྲུང་གོ་ཕྱོགས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། དར་རྒྱས་བཅས་ལྡན་པའི་ཐ་ཇིག་སི་ཐན་ཞིག་མཐོང་འདོད་ཡོད་ལ། ཐ་ཇིག་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་སྦྲགས། ཐ་ཇིག་སི་ཐན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་དང་བདེ་འཇགས་ཀྱི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཐ་ཕྱོགས་གཉིས་པོས་རང་སོ་སོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་དགོས། ཐ་ཇིག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྔ་བར་ཕྱི་གསུམ་དུ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་དེའི་ནང་ཞུགས་ཡོད་པས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཀྲུང་ཐ་རྒྱལ་ཁབ་གཉིས་པོར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཐ་ཇིག་སི་ཐན་གྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་སྒྲིག་བཀོད་སྦྲེལ་མཐུད་དང་། ནུས་རྒྱུ། ཞིང་ལས། བཟོ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས། ཐ་ཇིག་སི་ཐན་གྱིས་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་བྱེད་པ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས་རང་མོས་དཔལ་འབྱོར་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་དང་དེའི་ནང་ཞུགས་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཡུན་གནས་ཐུབ་པར་བྱེད་འདོད་ཡོད། ཕྱོགས་གཉིས་པོས“ངན་ཤུགས་གསུམ”ལ་རྡུང་རྡེག་དང་རྒྱལ་ཁོངས་སྒྲོལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་། དུག་འགོག དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་བདེ་འཇགས་དང་ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ལཱ་ཧོ་མོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཐ་ཇིག་སི་ཐན་ལ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་དབུ་ཚོགས་ཐེངས་ལྔ་པ་བདེ་བླག་ངང་འཚོགས་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་མཛའ་གྲོགས་ཟབ་པའི་ཀྲུང་གོ་ནམ་ཡང་རྒྱལ་སྲིད་དར་ཞིང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་ཀྱི་གྲས་སུ་བརྩི་གི་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཕྱོགས་གཉིས་པོའི་ནུས་རྒྱུ་དང་། རྡོ་སྣུམ། ཆུ་གློག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐ་ཇིག་སི་ཐན་གྱི་བཟོ་ལས་ཅན་གྱི་དམིགས་ཚད་མངོན་འགྱུར་ཐུབ་རོགས་བྱེད་པའི་རེ་བ་ཡོད། ཕྱོགས་གཉིས་པོས་གཞོན་ནུ་དང་། སློབ་གསོ། རིག་གནས་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་དགོས། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“ངན་ཤུགས་གསུམ”ལ་རྡུང་རྡེག་དང་རྒྱལ་ཁོངས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུར་གཞོལ་ནས་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་སོགས་ཀྱི་ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
     གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ལ་རོགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་དང་སྲིད་གཞུང་གཞུང་ལས་ཐོག་བརྩེགས་ཁང་ཆེན་རྣམ་གྲངས་ཀྱི་དཔེ་དབྱིབས་སྟོན་པའི་མཛད་སྒོར་ཕེབས་པ་རེད། ཞི་ཅིན་ཕིང་དང་ལཱ་ཧོ་མོང་རྣམ་གཉིས་ཀྱིས་རྣམ་གྲངས་དྲིལ་བསྒྲགས་འགྲེམས་པང་ལ་གཟིགས་ནས་འབྲེལ་ཡོད་ཇུས་འགོད་ཇུས་གཞི་དང་མཉམ་ལས་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་། དེ་རྗེས་ཀྲུའུ་ཞི་སྡིངས་ཆའི་སྟེང་ཕེབས་ནས་ལྷན་དུ་ཐོག་ཁང་རྣམ་གྲངས་དཔེ་དབྱིབས་ཐོག་གི་དར་གོས་དམར་པོ་ཕྱེ་བ་དང་འབྲེལ་དཔེ་དབྱིབས་ཀྱི་ཡོལ་ཁེབས་ཕྱེ་གནང་བ་རེད།
     དེ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་དང་ཆབས་ཅིག་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོ་བརྗེ་རེས་ཀྱི་དཔང་པོ་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
གྲོས་མོལ་མ་གནང་གོང་། ལཱ་ཧོ་མོང་གིས་ཙུང་ཐུང་ལས་ཤག་མདུན་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།
ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"