མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཀྲུང་གོ་དང་ཨ་རིའི་ཁེ་ལས་མཁས་ཅན་གྱི་གླེང་མོལ་ཚོགས་འདུར་ཞུགས་པའི་ཨ་རི་
ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་9ཚེས་10ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་ཀྲུང་གོར་ཡོང་ནས་ཀྲུང་ཨའི་ཁེ་ལས་མཁས་ཅན་གྱི་གླེང་མོལ་ཚོགས་འདུར་ཞུགས་པའི་ཨ་རི་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད། ཨ་རིའི་བཟོ་ཚོང་ཁེ་ལས་ལས་རིགས་དང་དེ་སྔའི་མཐོ་རིམ་དཔོན་རིགས་ཀྱི་འཐུས་མིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སོགས་ལ་གཞིགས་ནས་ལྟ་ཚུལ་དང་གྲོས་འགོ་གླེང་ཞིང་།      ལི་ཁེ་ཆང་གིས་ཁོང་ཚོ་དང་མཉམ་དུ་བཞུགས་མོལ་སྤེལ་རེས་གནང་བ་རེད།
ལི་ཁེ་ཆང་གིས། ད་ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་ཞིག་ཡིན། ལོ་ངོ་40ཡི་རིང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་སོང་ནས་གཉིས་ཁེ་གཉིས་ཕན་བྱུང་ཡོད། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་ལ་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ངང་གནས་ཡོད་ཅིང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ལ་ཐུན་མོང་ངོས་འཛིན་གྲུབ་པ་ལྟར་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་གཞིར་བཟུང་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་ཕྱོགས་གཉིས་ནས་དང་ལེན་ཐུབ་པའི་མི་མཐུན་པའི་ཆ་སེལ་ཐབས་འཚོལ་དགོས་ཞེས་གསུངས།
    ལི་ཁེ་ཆང་གིས། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་སྒོ་མོ་སྔར་བས་ཕྱེ་ནས་ཇེ་ཆེར་འགྲོ་ངེས་ཡིན་པ་དང་ད་ལྟ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་གཞོལ་བཞིན་ཡོད་པ་དང་། རྒྱལ་ནང་དུ་ཐོ་འགོད་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ལ་ལྟ་སྟངས་གཅིག་མཐུན་བཟུང་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྔར་བས་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཕྱོགས་ཡོངས་ནས་སྒོ་ཕྱེ་བ་དང་ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེའི་ཐད་ཀྱང་སྐུལ་མ་མགྱོགས་པོ་གཏོང་བཞིན་ཡོད། ཀྲུང་གོར་རྒྱ་ཆེ་བའི་ཁྲོམ་ར་ཡོད་པར་བརྟེན། ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་ཕྱོགས་པའི་དཔལ་འབྱོར་ཚོང་དོན་གྱི་མ་འཇོག་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་སྔར་བས་མངོན་འགྱུར་ཡག་པོ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
     ཨ་རི་ཕྱོགས་ཀྱི་འཐུས་མིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་ཚོས། འདིར་འཛོམས་པའི་ཨ་རིའི་ཁེ་ལས་ཀྱིས་དུས་ཡུན་རིང་པོར་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ནང་ཞུགས་པ་དང་དེར་དཔང་པོ་བྱས་ཡོད་པ་མ་ཟད། ཀྲུང་གོར་ལས་སྒོ་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་ཀྲུང་གོར་མ་འཇོག་བྱེད་ཚད་ཆེ་རུ་བཏང་ནས་ཡུན་རིང་མཉམ་ལས་ཀྱི་གོ་སྐབས་བཙལ་ཡོད། སྒོ་མོ་ཆེ་རུ་འབྱེད་པའི་ཐད་ཀྱི་ཀྲུང་གོའི་བྱེད་ཐབས་གསར་པ་ལས་ཨ་རིའི་ཁེ་ལས་ལ་སྐུལ་ལྕག་ཐེབས་པ་དང་ཕུགས་ཀྱི་མིག་རྒྱང་ལ་བརྟེན་ནས་དེང་སྐབས་ཀྱི་ཨ་ཀྲུང་དཔལ་འབྱོར་ཚོང་དོན་རྩོད་གཞིར་ལྟ་སྟངས་འཛིན་རྒྱུ་དང་། ཀྲུང་གོ་དང་དཔལ་འབྱོར་འབྲེལ་བ་ཞན་དུ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ་ལས་ཨ་ཀྲུང་གི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཆད་པའི་ངང་ཚུལ་གཏན་ནས་མཐོང་འདོད་མེད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྱི་གྲོས་མོལ་ལ་དགེ་མཚན་ལྡན་པའི་འཕེལ་རིམ་དང་སྔ་ཙམ་གྲོས་མཐུན་ཡོང་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ཨ་ཀྲུང་འབྲེལ་བ་རྒྱུན་མཐུད་ཡར་འཕེལ་ལ་སྐུལ་མ་གཏོང་ཐབས་རྙེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད།

  
style="display:none;"