མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2019ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་19ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་ཟླ་10ཚེས་17ཉིན་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་མགྱོགས་མྱུར་སྤེལ་བཞིན་ཡོད་པས་གསར་གཏོད་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་ནི་དུས་བབ་ཆེན་པོའི་འཕེལ་ཕྱོགས་ཤིག་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་གསར་གཏོད་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་འདོད་ཡོད་ལ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཀྱང་ཡོད།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཀོན་གྲོང་ཚོས་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་དང་གསར་གཏོད་ཀྱི་མཐོ་ས་ཧུར་ཐག་གཏོད་བཞིན་ཡོད། ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་གཉེར་ནས་མདུན་ཕྱོགས་ཀྱི་ཚན་རྩལ་དང་འབྱུང་འགྱུར་གྱི་ཐོན་ལས་འཕེལ་ཕྱོགས་མཉམ་དུ་གྲོས་མོལ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་སྒྲིག་ལམ་དང་གསར་གཏོད་བཅོས་སྐྱོང་མཉམ་དུ་གྲོས་བསྡུར། རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་བསམ་བློ་དང་འཕེལ་རྒྱས་ཀྱི་འདུ་ཤེས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་བགྲོ་གླེང་གཏིང་ཟབ་དང་སྤེལ་རེས་གང་ལེགས་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
     ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་དེ་2007ལོར་བཙུགས་པ་དང་དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་ལས་རིགས་དང་ཐོན་ལས་ལས་རིགས་ཀྱི་འབྲེལ་གཏུག་སྤེལ་རེས་དང་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གླེང་སྟེགས་དེ་ད་བར་སྐབས་བཅུ་གཉེར་བ་རེད། 2019ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་དེ་ཟླ་10ཚེས་16ནས་18ཉིན་བར་པེ་ཅིང་དུ་འཚོགས་པ་དང་བརྗོད་དོན་གཙོ་བོ་ནི“མདུན་ཕྱོགས་ཀྱི་ཚན་རྩལ་དང་འབྱུང་འགྱུར་གྱི་ཐོན་ལས”ཞེས་པ་དེ་ཡིན། ད་ཐེངས་ཀྱི་གླེང་སྟེགས་ཐོག་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་སྐུ་མགྲོན་1200གདན་ཞུ་བྱས་ཡོད།

  
style="display:none;"