མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་བ་དང་འབྲེལ་གསར་འགོད་པས་བཏོན་པའི་
དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་30ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་5ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་འབྲེལ་མཐུད་ཀྱི་ཐོག་ནས་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་བ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ།

ཟླ་5ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་འབྲེལ་མཐུད་ཀྱི་ཐོག་ནས་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་བ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ། 

    ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར། ཟླ་5ཚེས28ཉིན་གྱི་ཕྱི་དྲོ། མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་བ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད། གསར་འགོད་པའི་ཚོགས་འདུ་བརྙན་ལམ་འབྲེལ་མཐུད་ཀྱི་བྱེད་ཐབས་ཐོག་ནས་འཚོགས་པ་རེད། ཀྲུང་གོའི་དཔལ་འབྱོར་གྱི་གནད་དོན་ལ་ལན་བསྐྱོན་སྐབས། ལི་ཁེ་ཆང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་གཏིང་ཟབ་འབྲེལ་ཡོད་པས། ཤུགས་རྐྱེན་ཕོག་ཡོད། འདི་ལོ་ང་ཚོས་དཔལ་འབྱོར་འཕར་བའི་གྲངས་ཚད་ཀྱི་དམིགས་ཚད་མ་བཟོས་པར“འགན་ལེན་དྲུག”སོགས་GDPའཕར་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པའི་དམིགས་ཚད་གཏན་འཁེལ་བྱས་ཡོད། 
    “འགན་ལེན་དྲུག”གི་དམིགས་ཚད་མངོན་འགྱུར་བྱུང་ཚེ། དཔལ་འབྱོར་འཕར་ཐུབ། ང་ཚོས་ལུགས་མཐུན་དང་། ཚད་རན་པོ། གཞི་ཁྱོན་ངེས་ཅན་བཅས་ལྡན་པའི་ནོར་སྲིད་དང་། དངུལ་རྩ། སྤྱི་ཚོགས་འགན་ལེན་སོགས་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་པ་དང་། སྲིད་ཇུས་ཀྱི་མ་དངུལ་གཙོ་བོ་ཁེ་ལས་ཀྱི་དཀའ་ངལ་ཞི་ལྷོད་དུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བའི་ཐད་སྤྱད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། ང་ཚོའི་ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་ཀྱི་ལས་འགན་ལེགས་གྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ངེས་རེད་ཅེས་གསུངས་པ་རེད།
    སྲིད་ཇུས་ཀྱི་ཕན་པ་ཁེ་ལས་དང་མི་སེར་ལ་དངོས་འབྲེལ་ཐོབ་པ་ཇི་ལྟར་བྱེད་པའི་གནད་དོན་ལ་ལན་བསྐྱོན་སྐབས། ལི་ཁེ་ཆང་གིས་ཁེ་ལས་ཀྱི་དཀའ་ངལ་ཞི་ལྷོད་དུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་ཀྱི་གཙོ་གནད་ནི་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་ཡིན་པ་དང་། གཙོ་བོ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་པ་མིན་པར། གྲོང་མིའི་ཡོང་འབབ་ལ་འདེགས་སྐྱོར་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཁྲོམ་རར་སྣེ་ཁྲིད་བྱེད་པ་དེ་ཡིན། སྲིད་ཇུས་ཀྱི་མ་དངུལ་ཐད་ཀར་ས་གནས་དང་། གཞི་རིམ། དམངས་འཚོ་བཅས་ལ་ཕྱོགས་དགོས་ལ། མ་དངུལ་ཚང་མ་ཁེ་ལས་དང་དམངས་འཚོའི་རྩིས་ཐོའི་ཐོག་དོན་འཁྱོལ་བྱས་ཏེ། གང་དུ་སྤྱད་མིན་དང་རྩིས་ཐོ་བཤེར་ཐུབ་པར་བྱེད་པ་ལས། རྩིས་ཁྲ་རྫུས་མ་གཏན་ནས་བཟོ་མི་ཆོག ད་དུང་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་བཏང་ནས“གསར་གཉིས་དང་གལ་ཆེན་གཅིག”གི་འཛུགས་སྐྲུན་ལ་གཙོ་གནད་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ལ་ཕན་འབྲས་ལྡན་པ་དང་དེ་ལས་ཕན་པ་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།
    ལས་ཞུགས་ཀྱི་གནད་དོན་ལ་ལན་བསྐྱོན་སྐབས། ལི་ཁེ་ཆང་གིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། ལས་ཞུགས་བརྟན་དུ་གཏོང་ཆེད། ང་ཚོས་སྤྱོད་དགོས་རིགས་ཀྱི་སྲིད་ཇུས་ཚང་མ་སྤྱད་པ་མ་ཟད། དངུལ་ཡང་མང་པོ་བཏང་ཡོད། ཐབས་བརྒྱ་ཇུས་སྟོང་ངང་ད་ཡོད་ཀྱི་ལས་གནས་བརྟན་པོ་ཡོང་བར་བྱེད་པ་དང་ཆབས་ཅིག་ལས་གནས་གསར་པ་དེ་བས་མང་བ་བཏོད་ནས། སློབ་ཆེན་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
    ཁྲོམ་ར་ཅན་གྱི་སྒྱུར་བཅོས་གནད་དོན་ལ་ལན་བསྐྱོན་སྐབས། ལི་ཁེ་ཆང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་ལྷག་ཙམ་གྱི་ཉམས་མྱོང་ལས་དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁེ་ལས་ཀྱི་དཀའ་ངལ་ཞི་ལྷོད་དུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་ནི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་བྱེད་ཐབས་ཤིག་ཡིན་པ་ར་སྤྲོད་བྱུང་ཡོད། བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ཁེ་ལས་ལ་རོགས་རམ་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་། ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་གསོན་ཐུབ་པར་བྱེད་པ་དང“གློད་སྡོམ་ཞབས་གསུམ”སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་ཟབ་ཏུ་བཏང་ནས་ལུགས་དང་མ་མཐུན་པའི་སྒྲིག་སྲོལ་མེད་པར་བཟོས་ཏེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་ཁྲོམ་རའི་བྱེད་པོ་གསར་པ་དེ་བས་མང་བ་འཚར་ལོངས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
    ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གནད་དོན་ལ་ལན་བསྐྱོན་སྐབས། ལི་ཁེ་ཆང་གིས་ཀྲུང་ཨའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས། འཛམ་གླིང་ཧྲིལ་པོ་བཅས་དང་འབྲེལ་བ་ཡོད། མཐུན་ན་གཉིས་ཕན་དང་། འཐབ་ན་གཉིས་ཕམ་ཡིན་པས། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱེད་པའི་ཀྲུང་ཨའི་འབྲེལ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་དགོས་མཁོ་མཉམ་གནས་དང་ཕྱོགས་གཉིས་ཀར་ཕན་པ་ལྡན་པས། ངེས་པར་དུ་ཚོང་ལས་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་དགོས། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཟབ་མོ་བྱེད་པའི་གནད་དོན་ལ་བརྩི་འཇོག་བྱས་ནས་འདྲ་མཉམ་གཉིས་ཕན་དང་། ཕྱོགས་འགལ་དོ་དམ་ཚོད་འཛིན། ཕྱོགས་འགལ་སེལ་བ་བཅས་བྱས་ཏེ། ཐུན་མོང་གི་ཁེ་ཕན་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།
    ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའི་གནད་དོན་ལ་ལན་བསྐྱོན་སྐབས། ལི་ཁེ་ཆང་གིས་སྒོ་བརྒྱབ་ནས་འཕེལ་རྒྱས་བཏང་ན་འཁྱོལ་ཐབས་མེད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་གི་ཡིན། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། རྒྱལ་ཁབ་ཁག་ཚང་མས་ཕན་ཚུན་འདྲ་མཉམ་ངང་མཉམ་ལས་གཉིས་ཁེ་བྱས་ཏེ་ཐུན་མོང་ཐོག་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་དང་། ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་དང་དཔལ་འབྱོར་ཉམས་རྒུད་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད། རིམས་ནད་མཇུག་འགྲིལ་རྗེས། འཛམ་གླིང་སྔར་ལས་སྒོ་འབྱེད་དང་། ཉམས་རྒུད་སོང་རྗེས་དར་རྒྱས་གསར་པ་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ད་དུང་ལི་ཁེ་ཆང་གིས་དམངས་འཚོ་དང་། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས། ངོགས་གཉིས་ཀྱི་འབྲེལ་བ། ཤང་ཀང་། ཀྲུང་རི་ཧན་གྱི་མཉམ་ལས་སོགས་ཀྱི་གནད་དོན་ཐད་ཀྲུང་ཕྱིའི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད། 

  
style="display:none;"