མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཨོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་དུས་སུ་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་རི་ཡའི་
ཙུང་ཐུང་ཧྥན་ཏེ་པེ་ལུན་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་30ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ཡི་རིང་ཀྲུང་ཨོ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་དང་གཉིས་ཁེ་གཉིས་ཕན་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ངས་ཀྲུང་ཨོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཧྥན་ཏེ་པེ་ལུན་དབར་ཐུན་མོང་ཐོག་འབད་འཐབ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཨོའི་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་ཟམ་མི་ཆད་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
    ཧྥན་ཏེ་པེ་ལུན་གྱི་རྟེན་འབྲེལ་གློག་འཕྲིན་ནང་། ཨོ་ཀྲུང་དབར་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ཞིག་ཡིན། ཨོ་ཀྲུང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་རིང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་གསར་པ་མངོན་ཡོད་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བའི་གལ་ཆེའི་རང་བཞིན་ཡང་བསྐྱར་དུ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།
    ཉིན་དེ་རང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུར་ཚི་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་ཀྱང་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡ་ཕྱོགས་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཛའ་གྲོགས་འགྲོ་འོང་རྒྱ་ཆེར་བཏང་སྟེ། ཀྲུང་ཨོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
    ཁུར་ཚི་ཡི་རྟེན་འབྲེལ་གློག་འཕྲིན་ནང་། ཨོ་ཀྲུང་མཉམ་ལས་སྔར་བས་ཇེ་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"