མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ལས་ཐོག་དང་པོ་ན་ཀྲར་པ་ཡེ་ཧྥུའུ་དང་ཙུང་ཐུང་ཐུའོ་ཁ་ཡེ་
ཧྥུའུ་ཡིས་ཀྲུང་ཧ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་ཕན་ཚུན་
རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་05ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་1ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ལས་ཐོག་དང་པོ་ན་ཀྲར་པ་ཡེ་ཧྥུའུ་དང་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་ན་ཀྲར་པ་ཡེ་ཧྥུའུ་ལ་བཏང་གནང་བའི་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་། གསར་འབྱེད་ཡར་བརྩོན། དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱུང་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་གཉིས་ཁེ་གཉིས་ཕན་གྱི་མིག་དཔེར་གྱུར་ཡོད། ཙུང་ཐུང་ལས་ཐོག་དང་པོ་ན་ཀྲར་པ་ཡེ་ཧྥུའུ་ཡིས་ཀྲུང་གོར་མཛའ་གྲོགས་ཀྱི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཟབ་ཏུ་གཏོང་བར་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད། ངས་དེའི་ཐད་ཚད་མཐོའི་གདེང་འཇོག་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
   ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཧྥུའུ་ལ་བཏང་གནང་བའི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ཧ་རྒྱལ་ཁབ་གཉིས་ནི་ཕན་ཚུན་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཁོར་རྒྱུག་རྒྱུན་འཁྱོངས་ཐུབ་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། རིམ་པ་ཁག་གི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བཅས་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཧ་སག་སི་ཐན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ངས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེར་བརྟེན་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ནས། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ན་ཀྲར་པ་ཡེ་ཧྥུའུ་ཡིས་ཀྲུང་གོ་ནི་ཧ་སག་སི་ཐན་གྱི་རང་བཙན་ཁས་ལེན་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
   ཐུའོ་ཁ་ཡེ་ཧྥུའུ་ཡིས་ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་། ཧ་ཀྲུང་རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་འབྲེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་མིག་དཔེ་བཏོད་དེ་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་པོས་ལོ་རྒྱུས་ཐོག་ལུས་པའི་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་མཐའ་མཚམས་དེ་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཐུན་སྒྲིལ་གྱི་འབྲེལ་ཟམ་ལྟ་བུར་བསྐྲུན་ཡོད། ངས་སྐུ་ཉིད་དང་མཉམ་དུ་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་འབད་བརྩོན་དེ་བས་ཆེ་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"