མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་
བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་30ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ།
    ལི་ཁེ་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ། དབང་དབྱང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཕྱོགས་བསྡུས་བརྡར་ཤ་བཅད་པར་གཞིགས་ན། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་འཐབ་ཇུས་རང་བཞིན་གྱི་མཐུན་རྐྱེན་མང་པོ་ལྡན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། གཏིང་ཤུགས་ཆེ་བ། གསོན་ཤུགས་རྒྱས་པ་བཅས་ཡོད་པས། ཡུན་རིང་འཕེལ་ཕྱོགས་བཟང་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འབྱུང་མི་སྲིད། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་འགྱུར་ལྡོག་གསལ་པོ་མཐོང་བ་དང་ངོས་འཛིན་གནད་སྨིན་དང་། འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ངང་བྱ་ཐབས་སྤྱོད་པ། རང་འགུལ་ངང་འགྱུར་ལྡོག་ཡོང་བ་བཅས་བྱས་ཚེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ཐུབ་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་ཐོབ་ངེས་རེད། ཚང་མས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་དུས་ཐོག་ཏུ་གོང་ཞུ་བཅས་བྱས་ཏེ། དོན་གཉེར་གྱི་ཐབས་མང་ཙམ་འདོན་པ་དང་ཕུགས་ཕན་གྱི་ཇུས་མང་ཙམ་འདོན་དགོས་པའི་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་བཀའ་མངགས་ལྟར་ལི་ཁེ་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་ཆབས་ཅིག ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་བ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ།
   ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཝང་མེ་ཤང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་ཇུས་འགོད་དང་བསམ་གཞིག་བྱས་པར་ཁོང་རྣམ་པས་ཡོངས་སུ་མོས་མཐུན་གནང་བ་དང་ཆབས་ཅིག འཛད་སྤྱོད་ཀྱི་གཏིང་ཤུགས་བཏོན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་འགྲེམས་ཀུང་སིའི་ལྟ་འདོམས་ཀྱི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པ་ལས་མི་དང་གཞོན་ནུ་ལས་ཞུགས་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་གཙོ་གནད་ལས་དོན་ལ་ཤུགས་སྣོན་རྒྱག་པ། དེང་རབས་ནུས་རྒྱུའི་གློག་ཤུགས་ཁྲོམ་ར་གཏོད་པ། གྲངས་འཛིན་དཔལ་འབྱོར་གྱི་དཔྱ་ཁྲལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་དམངས་ཕྱུག་ལ་སྐུལ་འདེད་ཀྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་མ་གཏོང་བ། ཁེ་ལས་ལ་ཕན་པ་དང་དཀའ་ངལ་སེལ་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟེ་བའི་འགག་རྩའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་ཚན་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
    ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོའི་ལོ་སྟོད་དུ་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། དེའི་རིང་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་། ཐབས་དང་ཇུས་ཧུར་ཐག་འདོན་པ་བཅས་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་སྲིད་ཇུས་ལག་ལེན་ནུས་ལྡན་བསྟར་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམངས་གཙོའི་ལྟ་སྐུལ་ཧུར་ཐག་བྱས་ནས། དོན་དངོས་ལ་གཞི་ཚུགས་པ་དང་རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས“དམངས་གཉེར་ཁེ་ལས་དང་མཐོ་སློབ་ལག་གདང་སྦྲེལ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་དང་། “ཁེ་ལས་ཆིག་ཁྲིས་གྲོང་ཚོ་ཆིག་ཁྲིར་རོགས་རམ་བྱེད་པ”དང“ཁེ་ལས་ཆིག་ཁྲིས་གྲོང་ཚོ་ཆིག་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བ། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བར་ཁྲིད་སྟོན་བྱེད་པ་བཅས་ལ་བརྟེན་ནས་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
    ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་ནི་སྤྱི་ཡོངས་འབྲེལ་མཐུད་ཐུབ་པ་ཞིག་ཡིན་པས། སྡེབ་གཅིག་ཏུ་ངོས་འཛིན་དང་། སྡེབ་གཅིག་ཏུ་དོན་འཁྱོལ། སྡེབ་གཅིག་ཏུ་དཔྱད་དཔོག་བཅས་བྱས་ནས་དཔལ་འབྱོར་བསྐྱར་འཕར་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་བརྟན་པོ་ཡོང་བར་བྱས་ནས་གྲུབ་འབྲས་ཡག་ཤོས་ཐོབ་པའི་བརྩོན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་དགོས། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། སྐབས་བསྟུན་གཙང་བཟོ་མཐའ་འཁྱོངས། རིམས་ནད་ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པ་མཐའ་འཁྱོངས་བཅས་བྱེད་དགོས། གཞི་ཆེན་སྲིད་ཇུས་ཀྱིས་དགོས་མཁོ་རྒྱ་ཆེར་གཏོང་བའི་ཐད་ནུས་པ་ཧུར་ཐག་ཐོན་པ་དང་། ནོར་སྲིད་དངུལ་ལོར་སྲིད་ཇུས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དགོས་མཁོའི་མི་འདང་ས་ནུས་ལྡན་གསབ་ནས་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་རྒྱུན་འཁྱོངས་བྱེད་དགོས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་པོའི་རང་བཞིན་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་རྒྱལ་ནང་གི་ཐོན་ལས་འཁོར་འབྲེལ་གྱི་བཀོད་ཇུས་ལེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ་དང་། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུའི་ཐོན་ཁུངས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་དངུལ་རྩའི་ཁྲོམ་ར་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས། དམངས་འཚོ་འགན་ལེན་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་ཚང་མར་རེ་བ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་གྱིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། མཐུན་སྒྲིལ་ཡར་བརྩོན་གྱི་ཆབ་སྲིད་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་སེམས་ནུས་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་རིང་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ལས་རྣམ་པར་རྒྱལ་བར་བྱེད་དགོས་པ་དང་། གཉིས་ནས་ལེགས་ཆ་འདོན་སྤེལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པ། གསུམ་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས། དམངས་གཙོ་ཏང་ཤོག་ཁག་གིས་སྐབས་བརྗེའི་ལས་དོན་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་བྱེད་ཟབ་ཏུ་གཏོང་བའི་གཙོ་རྐང་འདིར་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འགྱུར་བ་དང་། སྲོལ་རྒྱུན་བཟང་པོ་མི་འགྱུར་བ། ལེགས་ཆ་དང་ཁྱད་ཆོས་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣར་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་ཡག་པོ་བརྒྱབ་སྟེ་དོན་གཉེར་གྱི་བྱ་ཐབས་ལ་བརྟེན་ནས་མི་སེམས་བརྟན་པོ་ཡོང་བ་དང་། མི་སེམས་ལ་སྐུལ་མ་ཐེབས་པ། མི་སེམས་གཅིག་ཏུ་འགྲིལ་བ་བཅས་བྱེད་དགོས་པ་དེ་རེད།

  
style="display:none;"