ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་པར་ཙིར་རང་བཙན་བྱུང་སྟེ་ལོ་ངོ་200འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་པར་ཙིར་ནི་སའི་གོ་ལའི་ཕྱེད་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། རང་བཙན་རང་བདག་གི་ཞི་བདེའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། རིང་མིན་གོང་ང་དང་ཙུང་ཐུང་པོ་སུའོ་ན་ལུའོ་ལྷན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་པར་ཞུགས་ནས་འབོ་གསེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་པར་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ངས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་པོ་སུའོ་ན་ལུའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་པར་ཙིར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
|