ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། 《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་ཞུགས་འཐུས་མིས《རྩ་གནད》ཀྱི་ནང་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་པའི་ངོས་འཛིན་དང་མྱོང་ཚོར་སྤེལ་རེས་བྱས་པ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ཐོག་ནས་སྐྱེ་ཁམས་ཤེས་དཔལ་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་གནང་སྟེ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་པ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ལ་སྣེ་ཁྲིད་ཐུབ་པ་བཅས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆ་གལ་ཆེན་དང་། རང་རེའི་ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཚོལ་ཞིབ་ལྷོད་མེད་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་མཐོར་འདེགས་དང་ལག་ལེན་གྱི་ཉིང་བཅུད། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་སྐྱེ་ཁམས་རིག་གནས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གལ་ཆེན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྱབ་ཁོངས་སུ་གཅིག་སྡུད་ཐོག་མཚོན་པ། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བའི་ཐུན་མོང་གི་བསམ་བློའི་རྒྱུ་ནོར། དུས་རབས་གསར་པར་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། དེར་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལོ་རྒྱུས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད།
ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་ལོ་རྒྱུས་ལ་དམིགས་པ་དང་། མིག་སྔར་གཞི་ཚུགས་པ། གོ་ལ་ཧྲིལ་པོར་ཕྱོགས་པ། མ་འོངས་པར་དམིགས་པ་བཅས་ཀྱི་ཐོག་ནས་མི་དང་རང་བྱུང་ཁམས་དང་། སྲུང་སྐྱོང་དང་འཕེལ་རྒྱས། ཁོར་ཡུག་དང་དམངས་འཚོ། རྒྱལ་ནང་དང་རྒྱལ་སྤྱི་སོགས་དབར་གྱི་འབྲེལ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། དུས་རབས་གསར་པར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་པོ་བཏབ་གནང་བས། དེ་ནི་བརྒྱུད་རིམ་ཆ་ཚང་བ་དང་། གཏན་ཚིགས་དམ་པོ། ནང་དོན་ཕུན་སུམ་ཚོགས་པ། རྒྱ་ཆེ་ལ་གཏིང་ཟབ་པ་བཅས་ཀྱི་ཚན་རིག་མ་ལག་ཅིག་རེད།
|