མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཨའོ་པ་མ་གཉིས་ཞལ་པར་བསྐྱོན་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་16ཉིན། 08:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཟླ་2ཚེས་11ཉིན་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཨའོ་པ་མར་ཞལ་པར་བསྐྱོན་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་ལོ་གསར་གྱི་བཀྲ་ཤིས་འཚམས་འདྲི་ཞུས་ནས་ལོ་གསར་པའི་ནང་ཀྲུང་ཨའི་འབྲེལ་བ་རྒྱུན་བསྲིང་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྐུལ་སྤེལ་བཏང་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་སྐྱོང་ལ་ཡར་རྒྱས་སྔར་བས་ཆེ་བ་ཡོང་རྒྱུར་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་གླེང་མོལ་གཏིང་ཟབ་བྱས་ནས་ཀྲུང་ཨའི་འབྲེལ་བ་གོང་འཕེལ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ངོས་འཛིན་གྲུབ་ཡོད། ངས་ཙུང་ཐུང་ཨའོ་པ་མ་དང་མུ་མཐུད་འཐབ་ཇུས་རང་བཞིན་གྱི་གླེང་མོལ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། འདི་ལོ་ཀྲུང་ཨ་འཐབ་ཇུས་དང་དཔལ་འབྱོར་གྱི་གླེང་མོལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་མཐོ་རིམ་གྲོས་མོལ་ཨ་རིར་བྱ་རྒྱུ་ཡིན་པས་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་སྔར་བས་མང་བ་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། དམག་དོན། ནུས་རྒྱུ། ཁོར་ཡུག་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་རྒྱ་ཆེར་བྱས་ནས་ཀྲུང་ཨའི་འབྲེལ་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་གཉིས་ཀྱི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་གང་མགྱོགས་བྱས་ནས་ཉོ་ཚོང་དང་མ་འཇོག་མཉམ་ལས་ཐད་བཀྲག་མདངས་འཚེར་ས་གསར་པ་ཆགས་པ་བྱེད་པ་དང་། ཨ་རི་ཕྱོགས་ཀྱིས་ལག་རྩལ་མཐོ་བའི་ཐོན་ཟོག་ཀྲུང་གོར་ཕྱིར་གཏོང་ལྷུག་གཏོང་དང་ཀྲུང་གོའི་ཁེ་ལས་ཨ་རིར་མ་འཇོག་བྱེད་པར་བསྐྱོད་རྒྱུར་སྟབས་བདེ་ཡོང་བའི་ཐད་བྱ་སྤྱོད་ཧུར་ཐག་སྤེལ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་དང་། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་རིམ། འཛམ་གླིང་འཕྲོད་བསྟེན་བདེ་འཇགས་སོགས་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་བཀུར་དང་ལྟ་རྟོག་བྱས་ནས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཐའེ་དབན་དང་བོད་འབྲེལ་སོགས་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱས་ནས་ཀྲུང་ཨའི་འབྲེལ་བར་དགོས་མེད་འགོག་རྐྱེན་འཕྲད་རྒྱུ་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཨའོ་པ་མས་ཀྲུང་གོའི་གྲུབ་འབྲས་དེ་ཨ་རིའི་ཁེ་ཕན་དང་འཚམ་པ་ངས་ཐེངས་མང་བརྗོད་མྱོང་ཡོད། ཨ་ཀྲུང་འབྲེལ་བའི་ཐད་2014ལོར་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་བས་ཨ་རི་ཕྱོགས་ཀྱིས་ད་ཡོད་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། མི་མཐུན་ས་ཚོད་འཛིན་ཡག་པོ་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཐུན་མོང་ཐོག་གྲུབ་པའི་ངོས་འཛིན་རྒྱལ་ཁབ་གཉིས་པོས་དོན་འཁྱོལ་བྱས་ནས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་གཏོང་ཆེད་མཐུན་སྦྱོར་བྱེད་རྒྱུའི་རེ་བ་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་ཨའེ་པོ་ལ་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དོ་ཁུར་ལ་ཕན་ཚུན་ལྟ་རྟོག་བྱས་ནས་ཚད་གཞི་མཐོ་བའི་ཕྱོགས་གཉིས་ཀྱི་མ་འཇོག་གྲོས་ཆོད་འཇོག་ཐུབ་པ་དང་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཨའོ་པ་མས་འདི་ལོའི་ཟླ་བ་དགུ་པར་ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་སྐབས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་གདན་དྲངས་པས་ཞིས་ཅིན་ཕིང་གིས་ཞལ་བཞེས་གནང་བ་དང་། ཕྱོགས་གཉིས་པོས་འཚམས་འདྲིར་གྲུབ་འབྲས་བཟང་པོ་ཐོབ་ཕྱིར་ཕྱོགས་ཡོངས་ནས་གྲ་སྒྲིག་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བ་དང་། དྲ་རྒྱའི་བདེ་འཇགས། དབྱི་རན་གྱི་ཉིང་རྡུལ་གནད་དོན། ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ནས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཁག་གིས་ཕྱར་བ་གྲུ་འདེགས་ངང་རྒྱལ་སྤྱིའི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།