མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་དུས་བབ་གསར་པའི་འོག་ཁྲིམས་ལྟར་དམག་སྐྱོང་དང་
དམག་ནན་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་གཏན་
འབེབས་པར་འགྲེམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་28ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས་དུས་བབ་གསར་པའི་འོག་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་པར་འགྲེམས་གནང་ཞིང་། <<གཏན་འབེབས་>>ནང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིས་ཀྲུའུ་ཞིའི་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་གི་རྣམ་བཤད་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ་དང་དམག་དཔུང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྒོ་ཀུན་ནས་བཀོད་སྒྲིག་བྱས་ཏེ་དམག་ཡོངས་ཀྱིས་དམག་སྟོབས་ཆེར་གཏོང་བའི་དམིགས་ཚད་ཀྱི་ཐོག་ནས་དམག་དོན་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་ཁྲིམས་སྐྱོང་གི་དད་སེམས་དང་ཁྲིམས་སྐྱོང་གི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་གི་བླང་བྱ་ལྟར་དམག་སྐྱོང་བྱ་ཐབས་འགྱུར་ལྡོག་བཏང་སྟེ་ཏང་ཨུད་ཀྱིས་ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་། ལས་ཁུངས་ཀྱིས་ཁྲིམས་ལྟར་མཛུབ་ཁྲིད་བྱེད་པ། དཔུང་སྡེས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ། དཔོན་དམག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་རྒྱལ་སྲུང་དང་དཔུང་སྡེའི་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         <<གཏན་འབེབས་>>ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞིས་ཀྲུའུ་ཞིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་གསལ་པོར་བཏོན་གནང་བ་དང་། ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་ནི་དམག་དཔུང་སྟོབས་ཆེར་གཏོང་བའི་རྩ་བ་དང་རང་རེའི་ཏང་གི་དམག་དཔུང་འཛུགས་སྐྱོང་དང་དམག་དཔུང་བཅོས་སྐྱོང་གི་གཞི་རྩའི་ཐབས་ཇུས་ཡིན་པའི་ནན་བཤད་གནང་བ་དང་འབྲེལ་དམག་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་གི་ཐབས་ཇུས་ཀྱི་གནས་བབ་དང་། རྩ་བའི་རྩ་དོན། དམིགས་ཚད་ལས་འགན་བཅས་གསལ་པོར་བཏོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་བཅོས་སྐྱོང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ། ཏང་གི་དམག་དོན་གྱི་མཛུབ་ཁྲིད་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། ཞིས་ཀྲུའུ་ཞིའི་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་གི་རྣམ་བཤད་གལ་ཆེན་དེ་ནི་དུས་བབ་གསར་པའི་འོག་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་བའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་བསྲུང་བྱ་རེད་ཅེས་བསྟན་ཡོད།
         <<གཏན་འབེབས་>>ནང་དེང་རབས་ཅན་གྱི་རྒྱལ་ཁབ་ནི་ངེས་པར་ཁྲིམས་སྐྱོང་རྒྱལ་ཁབ་ཡིན་དགོས་པ་དང་། དེང་རབས་ཅན་གྱི་དམག་དཔུང་ནི་ངེས་པར་དུ་ཁྲིམས་སྐྱོང་དམག་དཔུང་ཡིན་དགོས། དམག་དཔུང་དེང་རབས་ཅན་དང་ཆ་འཕྲིན་ཅན་ཇི་ཙམ་ཡིན་ན་ཁྲིམས་སྐྱོང་ཅན་དེ་ཙམ་ཡིན་དགོས། ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུ་དེ་ནི་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱི་ཡོངས་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགན་ལེན་གལ་ཆེན། དཔུང་སྡེས་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་བསྒྲུབས་པ་དང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་འགན་སྲུང་བྱེད་པའི་འགན་ལེན་ནུས་ལྡན་བཅས་རེད། དེང་སྐབས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་པ་དང་། འགན་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྱོན་ཡོངས་ནང་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་གི་གནས་བབ་དེ་བས་མངོན་གསལ་དོད་པ་དང་ནུས་པ་དེ་བས་ཆེ་བ་ཡོད་པས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་ཚད་ལྡན་གྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པར་བྱས་ནས་དེང་རབས་དམག་དོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམས་པ་དང་། རང་རེའི་དམག་གི་ཁྱད་ཆོས་མཚོན་པའི་ཚན་རིག་དང་མཐུན་པའི་རྩ་འཛུགས་ཀྱི་དཔེ་དབྱིབས་དང་། ལམ་ལུགས་བཀོད་སྒྲིག ལས་སྒྲུབ་བྱེད་སྟངས་བཅས་ཆ་ཚང་ཞིག་བཙུགས་ཏེ་དཔུང་སྡེའི་དངོས་གཞི་ཅན་གྱི་འཛུགས་སྐྱོང་དེ་ཆུ་ཚད་དེ་བས་མཐོ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
         <<གཏན་འབེབས་>>ནང་དུས་བབ་གསར་པའི་འོག་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་བར་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་དུ་བྱེད་པ། ཞིས་ཀྲུའུ་ཞིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས། དཔོན་དམག་གི་གཙོ་གཟུགས་གནས་བབ་མཐའ་འཁྱོངས། ཁྲིམས་ལྟར་དང་ནན་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། ཁྲིམས་སྐྱོང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་མ་ལག་ཆ་ཚང་བ་དང་ནན་ཞིང་ནུས་པ་ཆེ་བའི་དམག་དོན་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་དང་། དམག་དོན་ཁྲིམས་སྐྱོང་ལག་བསྟར་མ་ལག དམག་དོན་ཁྲིམས་སྐྱོང་ལྟ་སྐུལ་མ་ལག དམག་དོན་ཁྲིམས་སྐྱོང་འགན་ལེན་མ་ལག་བཅས་ཆགས་པ་བྱས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསལ་པོར་བསྟན་ཡོད།
         <<གཏན་འབེབས་>>ནང་དེང་རབས་དམག་དཔུང་འཛུགས་སྐྱོང་དང་དམག་འཐབ་ཀྱི་བླང་བྱ་དང་འཚམ་པ་བྱས་ནས་དམག་དོན་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དམག་དོན་ཁྲིམས་སྲོལ་ལམ་ལུགས་ཀྱི་དམིགས་སའི་རང་བཞིན་དང་། བརྒྱུད་རིམ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་མཐོ་རུ་གཏོང་དགོས། དམག་དོན་ཁྲིམས་སྲོལ་ལམ་ལུགས་ཀྱི་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ནས་ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་དང་། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན་བྱེད་དགོས་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་ནན་ཏན་དང་དམག་ཁྲིམས་ནན་པོ་དེ་སྒྲིག་ལམ་ནན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས། དམག་དཔུང་ཁྲིམས་སྐྱོང་ལས་དོན་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་དམག་དཔུང་ཁྲིམས་སྐྱོང་ལས་དོན་གྱི་ཆེད་དོན་སྒྲིག་གཞིའི་འགན་ནུས་ལ་ཤུགས་སྣོན་རྒྱག་དགོས། དཔོན་དམག་གི་ཁྲིམས་སྐྱོང་དད་སེམས་དང་ཁྲིམས་སྐྱོང་གི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་སློབ་གསོའི་སྦྱོང་བརྡར་གཏིང་ཟབ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་སྟོན་པ། རྒྱ་ཆེའི་དཔོན་དམག་གིས་ཁྲིམས་སྐྱོང་དེ་ནང་དུ་ཆབ་སྲིད་དད་སེམས་དང་ཀུན་སྤྱོད་བློ་སྦྱོང་དུ་འགྱུར་བ་དང་། ཕྱི་རུ་བྱ་སྤྱོད་ཀྱི་ཚད་གཞི་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས། ཁྲིམས་སྐྱོང་གིས་སྣེ་ཁྲིད་དང་། སྐུལ་འདེད། ཚད་ལྡན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྒྱུར་བཅོས་གལ་ཆེན་ཁྲིམས་ལྟར་ཐབས་ཇུས་འགོད་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་དང་ཁྲིམས་འཛུགས་མཐུན་སྦྱོར་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་ལམ་བུའི་ཐོག་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་འགན་ལེན་བྱེད་དགོས། ཏང་ནན་སྐྱོང་གི་བླང་བྱ་ལག་བསྟར་བྱས་ནས་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྤྱོད་ངན་ཡོ་བསྲང་དང་སྒྲིག་ལམ་ནན་དུ་གཏོང་བ་དང་། བཙན་ཞིང་ནན་པའི་ལམ་ལུགས་གཏན་འབེབས་དང་ལམ་ལུགས་ལག་བསྟར་ནན་པོའི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་དེ་ཚད་ལྡན་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།