མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་
རང་རྟོགས་ཀྱི་བྱ་སྤྱོད་ཅིག་ལ་འགྱུར་བ་བྱེད་དགོས་ཞེས་གསུངས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་07ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་
རང་རྟོགས་ཀྱི་བྱ་སྤྱོད་ཅིག་ལ་འགྱུར་བ་བྱེད་དགོས་ཞེས་གསུངས།

མི་དམངས་དྲ་བའི་འཕྲིན། ཚེས་3ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ཤིང་འཛུགས་ནགས་བཟོ་ནི་ནམ་མཁའ་གཡའ་དག་པ་དང་། ས་གཞི་སྔོ་ལྗང་ཅན་དུ་འགྱུར་བ། ཆུ་མོ་དྭངས་གཙང་ཡོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་དང་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་འདུ་འགོད་ཅིག་ཡིན། རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་ཀྱིས་ལག་པ་འགུལ་ནས་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ལ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         དཔྱིད་ཀ་ཤར་བས་བྱ་དངོས་མཐའ་དག་གི་རྣམ་པ་གསར་རྐྱང་དུ་གྱུར། སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ལྷན་དུ་རླངས་འཁོར་ནང་ཞུགས་ནས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་སུན་ཧོ་ཤང་གི་ཤིང་འཛུགས་སར་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་གནང་བ་རེད། 
         སུན་ཧོ་ཤང་སུན་ཧོ་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་དེ་ནི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཞིག་ཡིན་ཞིང་། པེ་ཅིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་ས་ཆ་དེ་སྒྱུར་བཀོད་བྱེད་བཞིན་ཡོད་པ་དང་། ས་ཁོངས་དེ་2015 ལོའི་ནགས་བཟོའི་འཆར་འགོད་ནང་བཅུག་པ་རེད། 
         ཞིས་ཅིན་ཕིང་རླངས་འཁོར་ནས་བབ་ཕེབས་མ་ཐག་སྦྱག་མ་བསྣམས་ནས་ཐད་ཀར་ཤིང་འཛུགས་སར་ཕེབས། དེ་གར་ཤིང་འཛུགས་བཞིན་པའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་བཞིན་ཡོད་པ་མཐོང་མ་ཐག་སྤྲོ་སེམས་འཁོལ་བའི་ངང་ཁམས་བདེའི་འཚམས་འདྲི་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་བཞིན་གུས་ལུགས་མཚོན་པ་གནང་རྗེས་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས་དང་ལོ་ཆུང་གདོང་ལེན་རུ་མི་དང་ལྷན་དུ་ཤིང་འཛུགས་པར་བྲེལ། 
         སྤྱི་ཁྱབ་ཧྲུའུ་ཅིས་ཐང་ཤིང་དཀར་པོ་ཞིག་གི་འགྲམ་དུ་ཕེབས་ནས་སྦྱག་མས་སྡོང་ཁུང་རྒྱོང་བ་དང་ས་བཅག་བཅག་གནང་ཞིང་། ཞིས་ཅིན་ཕིང་གིས་ཁམ་སྡོང་སོགས་བསྟུད་མར་ལྕང་སོན་6བཏབ་གནང་བ་རེད། ཁོང་གིས་ལོ་ཆུང་གདོང་ལེན་རུ་མི་དང་ལྷན་དུ་ལྕང་སོན་ལ་ཆུ་རྒྱག་གིན་ཕྲུ་གུ་ཚོའི་སློབ་སྦྱོང་དང་། འཚོ་བ། ལུས་རྩལ་སྦྱོང་བརྡར་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོང་ཚོར་ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་དང་། ཁོར་ཡུག་སྲུང་སྐྱོང་། སྔོ་ལྗང་ལ་དགའ་ཞེན། ཤིང་འཛུགས་ནགས་བཟོ། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་འཛུགས་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་རེད། ཤིང་འཛུགས་སར་ཚ་ཚ་འུར་འུར་ངང་ངལ་རྩོལ་བྱེད་པའི་རྣམ་པས་ཁེངས་ཤིང་། ཤིང་འཛུགས་ནང་ཞུགས་མཁན་འགོ་ཁྲིད་བློ་མཐུན་ལ་ལས་སྡོང་ཁུང་རྒྱོང་བ་དང་ལ་ལས་ལྕང་སོན་ལ་ཆུ་རྒྱག་བཞིན་ལས་ཀའི་ངར་ཤུགས་ཆེན་པོ་ཡོད་པ་རེད། ཕྱག་ལས་གནང་ཞོར་དུ་ལས་བྱེད་མང་ཚོགས་དང་སྣོད་ཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་དགོངས་ཚུལ་སྤེལ་རེས་གནང་བ་རེད།
         ཤིང་འཛུགས་ཀྱི་བར་སེང་དུ་ཞིས་ཅིན་ཕིང་དང་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་མཁན་ལས་བྱེད་མང་ཚོགས་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་སུན་ཧོ་གྲོང་ཚོའི་གྲོང་མིའི་ལས་ཞུགས་དང་སྤྱི་ཚོགས་འགན་ལེན་གནས་ཚུལ་བཀའ་འདྲི་གནང་བ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ་དང་དང་བླངས་པའི་ས་ནས་སྡེ་ཁུལ་སྔོ་ལྗང་ཅན་དང་དང་བླངས་ཞབས་ཞུའི་ལས་དོན་མཁྱེན་རྟོགས་གནང་རྗེས་མི་སེམས་གོང་བུ་སྒྲིལ་བ་དང་མང་ཚོགས་ཀྱི་བདག་པོའི་སྙིང་སྟོབས་ཟབ་ཏུ་གཏོང་བའི་དང་བླངས་ཞབས་ཞུའི་དོན་སྙིང་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་རེད།
         ནགས་བཟོ་སྔོ་ལྗང་ཅན་གྱི་ལས་དོན་སྐོར་གླེང་སྐབས་ཞིས་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་ཉེ་དུས་ལོ་30ལྷག་ཙམ་ནང་རྒྱུན་ཆད་མེད་པར་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད་རང་རྒྱལ་དུ་ལྗོན་ཤིང་དེ་བས་མང་དུ་ཕྱིན་ནས་རི་ཀླུང་སྔོ་ལྗང་ཅན་དུ་གྱུར་ཡོད། ཤིང་འཛུགས་ནགས་བཟོའི་ཐད་ཀྲུང་གོས་མིའི་རིགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་དང་ཆབས་ཅིག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་ལ་བཅངས་པའི་རེ་འདུན་དང་བསྡུར་ཚེ་སྣོད་བཅུད་སྲུང་སྐྱོང་བྱེད་ཚད་སྔར་བཞིན་མི་འདང་བ་དང་། ཁོར་ཡུག་གི་གནད་དོན་སྔར་བཞིན་ཛ་དྲག་པ། ནགས་ཚལ་དཀོན་པ་དང་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་སྤེལ་ཚད་སྔར་བཞིན་མི་འདང་བ་བཅས་ནི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་ང་ཚོས་མཐོང་ཐུབ་པ་བྱེད་དགོས། ང་ཚོས་ངེས་པར་དུ་སྔོ་ལྗང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྣོད་བཅུད་སླར་གསོ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དེ་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བ་དང་སྣོད་བཅུད་ལེགས་སུ་གཏོང་རྒྱུ་དེ་མི་ཚང་མར་འགན་འཁྲི་ཡོད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་རྒྱུ་དེ་ཤིང་འཛུགས་ནགས་བཟོ་ཧུར་ཐག་བྱེད་པ་དང་སྔོ་ས་འཛུགས་སྐྲུན་བྱ་རྒྱུ་ནས་འགོ་འཛུགས་པ་དང་ཆུ་ཐིགས་གཅིག་ལ་གཅེས་སྤྲས་དང་འབྲུ་རྡོག་གཅིག་གྲོན་ཆུང་བྱ་རྒྱུ་ནས་འགོ་བཙུགས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་དང་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
         ཤིང་འཛུགས་ནང་ཞུགས་མཁན་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་མ་མཐའི་མཚམས་ཐིག་ལ་བརྩི་དགོས་པའི་ནན་བཤད་ཐེངས་མང་གནང་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱ་ལྟར་ཁོར་ཡུག་ནི་དམངས་འཚོ་དང་། རི་ཀླུང་སྔོ་ལྗང་ཅན་ནི་མཛེས་སྡུག ནམ་མཁའ་གཡའ་དག་པ་ནི་བདེ་སྐྱིད་བཅས་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཕྱོགས་གཅིག་ནས་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་དང་ཕྱོགས་གཞན་ཞིག་ནས་མི་ཐབས་ལ་བརྟེན་ནས་ནགས་གསོ་བྱ་རྒྱུར་དམ་འཛིན་བྱེད་པ་དང་ཚན་རིག་དང་མཐུན་པའི་ངང་ཤིང་འཛུགས་དང་སྔོ་ལྗང་ལ་སྲུང་སྐྱོང་བྱས་ཏེ་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་གང་མགྱོགས་སྔོ་ལྗང་ཅན་དང་། མཛེས་སྡུག་ལྡན་པ། ཕྱུག་པོ་ཆགས་པ་བཅས་ཡོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། 
         པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་རེད།