འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་གི་གློག་རྡུལ་ནད་ཐོ་ཁྱབ་གདལ་བཏང་བ། 

    སྨན་བཅོས་ཆ་འཕྲིན་དེ་བས་ཁ་གསལ་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱུང་གསལ། མིག་སྔར་ཁང་དེའི་བོད་ལུགས་གསོ་རིག་གི་གློག་རྡུལ་ནད་ཐོའི་མ་ལག་ནད་ཐོག་ཁོའོ་ཧྲིར་སྤྱད་ནས་ལོ་གསུམ་ཙམ་སོང་ཡོད། དྲ་ཐོག་ནད་ཐོའི་མ་ལག་སྤྱད་ནས་གྲུབ་པའི་གྲངས་གཞིའི་མཛོད་ཆེན་པོར་ཁང་དེས་བོད་ལུགས་གསོ་རིག་གི་གཅོང་ནད་དོ་དམ་མ་ལག་དང་། རྒྱང་རིང་ལྷན་འཛོམས་ནད་དཔྱད་མ་ལག བོད་ལུགས་གསོ་རིག་གི་གྲགས་ཅན་རིགས་གཅིག་མཁས་ཅན་གྱི་སྨན་ཐོའི་གྲངས་གཞིའི་མཛོད་སོགས་ཞིབ་འཇུག་གསར་གཏོད་བྱེད་བཞིན་ཡོད་པ་དང་ཚན་རིག་ཅན་དང་ཆ་འཕྲིན་ཅན་གྱི་བྱེད་སྟངས་བརྒྱུད་བོད་ཀྱི་གསོ་བ་རིག་པ་དེ་བས་ལེགས་པའི་ངང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མ་ལག་དེ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ནད་ཐོག་ཁོའོ་ཧྲི་ཚང་མར་ཁྱབ་གདལ་བེད་སྤྱོད་བྱས་པ་དང་། མ་ལག་དེའི་ནང་ཉར་ཚགས་བྱས་པའི་གྲངས་གཞི་ཆེན་པོ་སྔོག་འདོན་དང་བེད་སྤྱོད་བྱེད་བཞིན་ཡོད། མིག་སྔར་ཁང་དེས་གློག་རྡུལ་ནད་ཐོའི་མ་ལག་བཏོད་པའི་རྨང་གཞིའི་ཐོག་བོད་ཀྱི་གསོ་བ་རིག་པའི་གཅོང་ནད་དོ་དམ་མ་ལག་དང་། རྒྱང་རིང་ལྷན་འཛོམས་ནད་དཔྱད་མ་ལག བོད་ལུགས་གསོ་རིག་གི་སྨན་ཐོ། བོད་ལུགས་གསོ་རིག་གི་གྲགས་ཅན་རིགས་གཅིག་མཁས་ཅན་གྱི་སྨན་ཐོའི་གྲངས་གཞིའི་མཛོད་སོགས་ཞིབ་འཇུག་གསར་གཏོད་བྱས་ཡོད། རྣམ་གྲངས་དེ་དག་ཚོད་སྤྱོད་དང་། སྙོམས་སྒྲིག འཐུས་ཚང་བཅས་བྱེད་བཞིན་ཡོད་པས་འདི་ལོར་གློག་རྡུལ་ནད་ཐོའི་མ་ལག་གི་ལས་སྟེགས་རྒྱབ་མའི་གྲངས་གཞིའི་མཛོད་སྔོན་ལ་འཐུས་སྒོ་ཚང་དུ་བཏང་རྗེས་ནད་ཐོག་གི་ཉམས་མྱོང་དངོས་དང་ཟུང་འབྲེལ་གྱིས་གྲངས་གཞིའི་མཛོད་སྤྱད་དེ་ཁྱབ་ཁོངས་མང་བའི་གྲངས་གཞི་ཆེ་མོ་དབྱེ་ཞིབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ནད་བརྟག་སྨན་བཅོས་བྱེད་སྟངས་སོགས་ཐད་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་དབར་ཁྱད་པར་ཆེན་པོ་ཡོད། དེས་ན་བོད་ལུགས་གསོ་རིག་གི་གློག་རྡུལ་ནད་ཐོ་ལྟེ་བར་བྱེད་པའི་སྨན་རྩིས་ཁང་གི་ཆ་འཕྲིན་ཅན་འཛུགས་པར་རང་བརྟེན་ཞིབ་སྤེལ་མ་ལག་དགོས་ཀྱི་ཡོད། འོན་ཀྱང་རང་བརྟེན་ཞིབ་སྤེལ་བྱེད་རིང་བོད་ཀྱི་གསོ་བ་རིག་པ་ཚད་ལྡན་ཅན་ཡོང་བ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན།
             གནད་དོན་དེར་དམིགས་ནས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་བོད་ལུགས་གསོ་རིག་གི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་གོམ་སྟབས་རྗེས་མའི་སྨན་རྩིས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཐུན་མོང་ངོས་འཛིན་གྲུབ་པ་མ་ཟད། “རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་ཚད་ལྡན་ཅན་གྱི་ཆེད་དོན་འཛིན་གྲྭ”ཡང་བཙུགས་ཏེ་སྨན་རྩིས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཚད་གཞི་བཟོ་བའི་ལས་དོན་སྤེལ་འགོ་ཚུགས་ཡོད། “གཅིག་གྱུར་གྱི་ཚད་གཞི་ཆགས་རྗེས་སྨན་རྩིས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་དེ་བས་གཅིག་གྱུར་དང་ཚད་ལྡན་ཡོང་རྒྱུ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྤྱོད་བཞིན་པའི་གློག་རྡུལ་ནད་ཐོའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་ཡིན་པས་ལྗོངས་ཡོངས་སུ་བོད་ལུགས་གསོ་རིག་གི་གློག་རྡུལ་ནད་ཐོ་ཁྱབ་གདལ་བཏང་ཚེ་དེའི་ཐད་ཉམས་མྱོང་གི་དཔེ་འཛིན་ས་ཡོད”ཅེས་འགན་འཁུར་བས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།