འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྒྲོལ་ཡོང་བར་ད་དུང་སྤྱི་ལེ་བཅུ་དགུ་ཡོད། 

    —— བོད་རིགས་ས་ཁུལ་གྱི་གྲོང་ཚོ་ཞིག་གི་རེ་སྒུག 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དབྱར་གཞུང་གི་སེ་ཀྱང་གྲོང་ཚོར་རྩྭ་རྩི་ཤིང་གི་ལོ་འདབ་རྒྱས་ཤིང་ནགས་རི་ཆུ་ཡིས་བསྐོར་ནས་འདུག ལོ་9ལ་སླེབས་པའི་དབྱིག་རྒྱལ་དང་གཅུང་མོ་གྲོང་ཚོའི་མདའ་རུ་ཙོག་བུར་བསྡད་དེ་སྣུམ་ནག་ལམ་བསྐྲུན་སར་ཡ་མཚན་ཆེན་པོས་ལྟ་བཞིན་འདུག
          སི་ཁྲོན་ནུབ་བྱང་གི་ས་མཐོར་གནས་པའི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་སྤོ་ཤང་སེ་ཀྱང་གྲོང་ཚོར་ས་བབ་མཐོ་ཚད་སྨི་3200ཡོད་པ་དང་། འབར་ཁམས་གྲོང་ཁྱེར་གྱི་ཐག་རིང་ཤོས་ཀྱི་ལུང་ཁུག་སྲིད་འཛིན་གྲོང་ཚོ་ཞིག་རེད་ལ། ད་བར་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གྲོང་ཚོ་འབའ་ཞིག་དེའང་རེད།
          གྲོང་ཚོ་དེ་ཤང་དང་ད་དུང་བར་ཐག་སྤྱི་ལེ་19ཡོད། སྤྱི་ལེ་19དེ་དག་འབར་འབུར་ཀྱག་ཀྱོག་དང་ཐལ་རྡུལ་གྱིས་ཁེངས་པའི་བྱེ་སའི་ལམ་ཡིན་པ་མ་ཟད། རི་སྟེང་ནས་རྡོ་ཟགས་པའི་ཉེན་ཁའང་ཆེན་པོ་ཡོད། སྐབས་འགར་ཆར་པ་འབབ་ཐེངས་གཅིག་གིས་སེ་ཀྱང་གྲོང་ཚོ་དང་ཤང་དབར་གྱི་ལམ་བུ་རྦད་དེ་ཆད་ཀྱི་ཡོད།
          སྤྱི་ལེ་19ཟིན་པའི་བྱེ་སའི་ལམ་དེ་ནི་སེ་ཀྱང་གྲོང་ཚོ་དབུལ་སྒྲོལ་ཡོང་བའི་འགལ་རྐྱེན་ཆེ་ཤོས་སུ་གྱུར་ཡོད། སྤོ་ཤང་གི་དབུལ་སྒྲོལ་འགག་སྒྲོལ་འཆར་གཞིའི་ནང་སེ་ཀྱང་གྲོང་ཚོ་ནི་ད་དུང“དབུལ་ཞྭ”ཕུད་མེད་པའི་གྲོང་ཚོ་དབུལ་པོ་འབའ་ཞིག་དེ་རེད། གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་དུད་ཚང་42ཀྱི་ནང་21དབུལ་པོའི་དུད་ཚང་རེད། ཁོང་ཚོའི་ཁྲོད་ཀྱི་མི་མང་ཆེ་བ་གྲོང་ཚོ་ནས་ཕྱིར་ཐེངས་གཅིག་ཀྱང་འགྲོ་མྱོང་མེད་པ་ཤ་སྟག་རེད།
          སེ་ཀྱང་གྲོང་མིའི་རེ་སྒུག་ཆེ་ཤོས་ནི་སྤྱི་ལེ་19ཟིན་པའི་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་དེ་རེད། “གཞུང་ལམ་ཤར་གཏོང་ཐུབ་ན་ཕྲུ་གུ་སློབ་གྲྭ་འགྲིམ་ཐུབ་པ་དང་། སྨན་རྩྭ་འཚོང་ཐུབ་པ། གྲོང་ཚོའང་དབུལ་པོའི་གནས་ལས་སྒྲོལ་རྒྱུ་རེད། ང་ཚོས་ལམ་བུ་འདི་མཐའ་གཅིག་ཏུ་ཉམས་གསོ་བྱེད་དགོས་དོན་ནི་གྲོང་མི་ཚང་མའི་འདོད་འདུན་ཡིན་པས་རེད”ཅེས་སྤོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ནོར་ཐར་གྱིས་བཤད།
           སྤོ་ཤང་འདི་ཉིད་མཐོ་རིའི་གྲོག་རོང་དུ་གནས་པས་ཆུ་འབེལ་པོ་ཡོད། ཉེ་འགྲམ་གྱི་ཡུམ་ཆུ་གཙང་པོའི་ཆུ་སྟོད་དུ་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་73ཟིན་པའི་གློག་ཁང་ཞིག་བསྐྲུན་བཞིན་ཡོད། སེ་ཀྱང་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་དེ་གློག་ཁང་གི་བསྐྲུན་མུས་རྣམ་གྲངས་ཁོངས་སུ་བཅུག་ཡོད། གྲོང་ཚོ་དེ་དབུལ་པོའི་གནས་ལས་སྒྲོལ་རོགས་བྱ་ཆེད། གློག་ཁང་གིས་གཞུང་ལམ་འཛུགས་སྐྲུན་སྔ་སྣུར་དུ་བྱས་ནས་གློག་ཁང་བསྐྲུན་གྱིན་ལམ་བུའང་བཟོ་བཞིན་ཡོད་པ་རེད།
          གཞུང་ལམ་དེ་2015ལོ་ནས་བསྐྲུན་འགོ་ཚུགས་པ་དང་། མིག་སྔར་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད། གྲོང་སྡོད་ཧྲུའུ་ཅི་དང་པོ་ལི་ཆང་གིས། “སྔོན་དཔག་བྱས་ན། འདི་ལོའི་ཟླ་9པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དུས་དེ་ནས་བཟུང་སེ་ཀྱང་གྲོང་ཚོར་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད”ཅེས་སྤྲོ་སྣང་ཆེན་པོས་གསར་འགོད་པར་བཤད།
           ལམ་བཟོ་དགོས་པའི་རྐྱེན་གྱིས་གྲོང་ཚོའི་གློག་ཁང་ཆུང་ཆུང་ཞིག་ཡོད་པ་དེའང་མ་བཤིག་དཀའ་མེད་བྱུང་བས་གློག་ཆད་དེ་ཟླ་གཅིག་ཙམ་སོང་ཡོད། གློག་ཆད་ནས་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་དེ་ཙམ་མེད་ནའང་གྲོང་མི་ཚོས་འཁང་ར་སྤུ་ཙམ་ཡང་མེད་པར“ལམ་ཡག་པོ་ཞིག་བྱུང་ན་གློག་ཆད་ཀྱང་སྐྱོན་མི་འདུག”ཅེས་ཤོད་ཀྱི་ཡོད།
         ལམ་བཟོ་བ་དང་ཆབས་ཅིག་སེ་ཀྱང་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡང་སྤེལ་བཞིན་ཡོད། 2016ལོར་ཤང་ནས་མཉམ་སྡེབ་རྐང་འཛིན་དང་། མང་ཚོགས་མ་རྐང་ནང་ཞུགས་པ། དུད་ཚང་དབུལ་པོར་ཐོབ་ཆ་བགོ་བ་སོགས་ཀྱི་བྱེད་སྟངས་འཚོལ་ཞིབ་དང་ལག་ལེན་བསྟར་ཏེ་གྲོང་ཚོ་མི་རེ་ངོ་རེར་མཉམ་ལས་ཁང་བཙུགས་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་1000བྱུང་ཡོད། ནོར་ཐར་གྱིས“ཕྱུག་འགྱུར་ལམ་བུའི་ཐོག་དུད་ཚང་གཅིག་ཀྱང་མ་ལུས་པ་བྱེད་དགོས། མཉམ་ལས་ཁང་གིས་ལོ་ལྟར་ཁེ་འབབ་20%བཏོན་ནས་དུད་ཚང་དབུལ་པོར་ཐོབ་ཆ་བགོས་ཏེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་ཀྱི་ཡོད”ཅེས་བཤད།
         སེ་ཀྱང་གྲོང་ཚོ་ནི་སི་ཁྲོན་བོད་རིགས་ས་ཁུལ་གྱིས་འགྲིམ་འགྲུལ་མཉམ་འཐབ་ཆེན་པོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཕྱི་ཕྱོགས་སུ་བསྐྱོད་པའི་མཐའ་མའི་འགག་གནད་བསལ་བ་དང་བོད་རིགས་ས་ཁུལ་གྱི“ཡུལ་ལྗོངས་མཛེས་པོ་དང་མི་བཟང་པོ་ཡོད་ནའང་ལམ་ཡག་པོ་མེད་པའི”ལོ་རྒྱུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་གཞོལ་ཡོད།
         གངས་ལྗོངས་ས་མཐོའི་གཞུང་ལམ་ཐོག་རླངས་འཁོར་གྱི་དུང་བརྡ་གྲགས་པ་ནི་ཡུལ་དེ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་མཚོན་རྟགས་རེད། རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པའི་སེ་ཀྱང་གྲོང་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འདི་ལོའི་ལོ་མཇུག་ཏུ“དབུལ་ཞྭ”འབུད་རྒྱུའི་འཆར་གཞི་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།