མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་རན་གྱི་དབྱི་སི་ལམ་གྲོས་ཚོགས་ཀྱི་གྲོས་དཔོན་ལཱ་ལི་ཅ་ཉི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་22ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དབྱི་རན་གྱི་དབྱི་སི་ལམ་གྲོས་ཚོགས་ཀྱི་གྲོས་དཔོན་ལཱ་ལི་ཅ་ཉི་དང་མཇལ་འཛོམས་གནང་བ།

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་20ཉིན་མི་དམངས་ཚོགས་ཁང་ཆེ་མོར་དབྱི་རན་གྱི་དབྱི་སི་ལམ་གྲོས་ཚོགས་ཀྱི་གྲོས་དཔོན་ལཱ་ལི་ཅ་ཉི་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་རན་དབར་གྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་ལ། ཕྱོགས་གཉིས་པོའི་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་ལ་ཉམས་སད་ཡུན་རིང་ཐེབས་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་ལ་འགྱུར་བ་གཏན་ནས་ཡོང་མི་སྲིད། དུས་བབ་གསར་པའི་འོག་ཀྲུང་གོ་དང་དབྱི་རན་གྱིས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་བཏང་ནས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་མུ་མཐུད་བྱེད་དགོས་པ་དང་། འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ནས་མཐུན་པའི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱས་ཏེ་དངོས་སྒྲུབ་མཉམ་ལས་བརྟན་པོ་ཡོང་བའི་སྒོ་ནས་བདེ་འཇགས་ཀྱི་འཇིགས་རྒོལ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱལ་སྤྱིའི་ཕྱོགས་མང་མཉམ་འཛོམས་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཁྲིམས་འཛིན་སྒྲིག་གཞིའི་དབར་འགྲོ་འོང་བྱེད་པ་ནི་ཀྲུང་གོ་དང་དབྱི་རན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དབྱི་རན་གྱི་དབྱི་སི་ལམ་གྲོས་ཚོགས་དབར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་པ། རྒྱལ་སྤྱི་དང་ས་ཁོངས་ཀྱི་རྩ་འཛུགས་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་མ་གཏོང་རྒྱུ་སོགས་ཀྱི་ཐད་ཁྲིམས་འཛིན་སྒྲིག་གཞིས་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
         ལཱ་ལི་ཅ་ཉིས་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་དང་ཙུང་ཐུང་ལུའུ་ཧ་ཉིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་ཞུས་ཤིང་། ཁོང་གིས་དབྱི་རན་གྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་ལྟ་སྟངས་འཛིན་པ་དང་དེ་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡོད། དབྱི་རན་དང་ཀྲུང་གོས་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེ་རྒྱལ་ཁབ་གཉིས་པོའི་གཞི་རྩའི་ཁེ་ཕན་དང་འཚམ་པ་མ་ཟད། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

  
style="display:none;"