མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་
དུ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་06ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་
དུ་འགོ་ཚུགས་པ།

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་བཞིན་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།
       དྲོད་རླུང་དལ་གྱིས་ལྡང་། དཔྱིད་དཔལ་རབ་ཏུ་བཞད། མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་གཤོང་བའི་ཚོམས་ཆེན་དུ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་པོ་ཡོད་ཅིང་། དམར་མདངས་བཀྲ་བའི་དར་དམར་གྱི་སྤེལ་ཟླའི་འོག་ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཡོལ་གྱི་དབུས་སུ་བཀལ་བའི་རྒྱལ་རྟགས་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ།
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེན·དབྱི་མིང་པཱ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
         ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་འཐུས་མི་2975ཕེབས་དགོས་ཀྱི་ཡོད། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2948ཕེབས་པ་དང་། འཐུས་མི་27ཕེབས་ཐུབ་མེད་པ། ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་དགུ་པར། ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད། སྐབས་འདིར་ཚོགས་འདུར་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
         ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁག་གསུམ་དུ་དབྱེ་བ་སྟེ། གཅིག 2018ལོའི་ལས་དོན་ལ་ཕྱིར་དྲན་དང་། གཉིས། 2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས། གསུམ། 2019ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་བཅས་སོ།
          ལི་ཁེ་ཆང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་རང་རྒྱལ་འཕེལ་རྒྱས་གཏོང་བར་ལོ་མང་འཕྲད་ཉུང་བའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་དུས་བབ་དྲག་པོ་འཕྲད་ནས་དཔལ་འབྱོར་མར་འགྲིབ་ཀྱི་གནོན་ཤུགས་གསར་པ་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། འབད་འབུངས་སྟོབས་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་པར་བསྒྲུབས་པ་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་གལ་འགངས་ཤིན་ཏུ་ཆེ་བའི་འཕེལ་རིམ་གསར་པ་སླར་ཡང་བྱུང་ཡོད།

【1】  【2】

  
style="display:none;"