མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བདུན་པའི་ཐོག“ལོ་ལྔ་ཚན་
བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་
འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་31ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བའི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་རྒྱུར་དམིགས་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བདུན་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་པ་དེས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་དམིགས་ཡུལ་དང་། སྒུལ་ཤུགས། བྱེད་སྟངས། ཐབས་ལམ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་གི་སྟོན་ཕྱོགས། འཕེལ་རྒྱས་གཏོང་ལམ། འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ལ་གསལ་འགྲེལ་བྱས་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
   ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཁྲོད་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་རང་སྦྱོང་བྱས་པ་དང་འབྲེལ་ལས་ཀའི་མྱོང་ཚོར་སྤེལ་རེས་བྱས་ཤིང་། བློ་མཐུན་ལིའུ་ཧོ་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ཚའེ་ཆི་བཅས་ཀྱིས་ལས་བགོས་དོ་དམ་ཁྱབ་ཁོངས་དང་ས་གནས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་གཏམ་བཤད་གནང་བ་དང་སྦྲགས་ཚང་མས་སྤེལ་རེས་ཀྱང་གནང་བ་རེད།
   ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ལོ་ཡིན་ལ། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོའང་རེད། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། གོམ་སྟབས་དང་པོ་དེ་གནས་ལ་འཁེལ་བ་དང་བརྟན་པོ་སྤོས་ཏེ་རྣམ་པ་གསར་པ་དང་ཕན་འབྲས་གསར་པ་ཐོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཁྱོན་ཡོངས་ཀྱི་གནད་དོན་ཡིན་པ་དང་གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་དབྱེའི་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་མཐུན་སྦྱོར། གསར་འབྱེད་མདུན་སྐྱོད་བཅས་བྱེད་དགོས། ཀྲུང་དབྱང་གི་རིམ་ངོས་ནས་ཡིན་ནའང་འདྲ་ཡང་ན་སྡེ་ཚན་གྱི་རིམ་ངོས་ནས་ཡིན་ཡང་རུང་། དེ་བཞིན་ཞིང་ཆེན་རིམ་པའི་རིམ་ངོས་ནས་ཡིན་ནའང་འདྲ་ཡང་ན་ཞིང་ཆེན་མན་གྱི་རིམ་ཁག་རིམ་ངོས་ནས་ཡིན་ཡང་རུང་ལག་བསྟར་དོན་འཁྱོལ་བྱེད་རིང་ཆ་ཚང་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ལས་དོན་ཁྲོད་ཀྱི་གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་དབྱེའི་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ཚང་མར་དོ་ཁུར་བྱས་ཏེ་དེ་དག་མཉམ་དུ་ཤུགས་རྒྱག་པ་དང་མཉམ་ཤུགས་ཆགས་པར་བྱེད་པ་ལས་ཡང་ལྕི་མི་གཏོང་བ་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་། ཀྲུང་དབྱང་གི་རིམ་ངོས་ནས་བརྗོད་ན། འཆར་འགོད་ཇུས་འགོད་དང་། གཞི་ཆེན་མཛུབ་ཁྲིད། སྲིད་ཇུས་བཅའ་ཁྲིམས། ནོར་སྲིད་གཏོང་ཤུགས། ལས་དོན་བཀོད་སྒྲིག་སོགས་ཀྱི་ཐད་ནས་ཏང་ཡོངས་དང་རྒྱལ་ཡོངས་ལ་མཛུབ་ཁྲིད་བྱས་ཏེ་འགག་རྩའི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱེད་པ་དང་གཙོ་གནད་ཚད་བརྒལ་བྱེད་པ་བརྒྱུད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྡེ་ཚན་ཁག་གིས་རང་ངོས་ཀྱི་འགན་འཁྲི་གཞིར་བཟུང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་འབྲེལ་བ་ཡོད་པའི་སྡེ་ཚན་དེ་གའི་གཙོ་གནད་ལས་དོན་ལ་དམ་འཛིན་བྱེད་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཐད་ཀྱི་སྡེ་ཚན་དེ་གའི་ལས་དོན་གྱི་ནུས་པ་དང་ཤུགས་རྐྱེན་ལའང་ཕྱོགས་བསྡུས་ཐོག་བསམ་གཞིག་བྱེད་དགོས། ས་ཁུལ་ཁག་གིས་རང་ངོས་ཀྱི་ཆ་རྐྱེན་དང་ནུས་པ་གཞིར་བཟུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་མ་ཟད། ཞན་ཆར་ཡང་དམ་འཛིན་བྱས་ཏེ་གཙོ་གནད་དུ་སྐུལ་འདེད་གཏོང་བ་ལས་དོན་དངོས་དང་མི་མཐུན་པར་ཨུ་ཚུགས་ཀྱིས་སྒྲུབ་མི་རུང་ལ་སྲིད་སྐྱོང་བྱས་རྗེས་འཇོག་ཆེད་ཆ་རྐྱེན་ལ་མི་འཛེམས་པར་ཅིའང་བསྒྲུབ་རྒྱུ་དེ་བས་བྱེད་མི་རུང་།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་ངེས་པར་དུ་ཐུན་མོང་ཕྱུག་འགྱུར་གྱི་གནད་དོན་ལ་དེ་བས་སྣང་ཆེན་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དེ་བས་རིང་བའི་དམིགས་ཚད་ལ་ཕྱོགས་ཏེ་ཐུན་མོང་ཕྱུག་འགྱུར་འཆར་འགོད་བྱས་ནས། “མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་བྱེད་པར་དེ་བས་མངོན་གསལ་དོད་པའི་དོན་དམ་པའི་འཕེལ་རིམ་ཐོབ་པར་བྱ་རྒྱུའི”དམིགས་ཚད་བཏོན་ཡོད། ཐུན་མོང་ཕྱུག་འགྱུར་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་རེ་འདུན་གསར་པ་སྐོང་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་གནད་དོན་དེ་རྒྱུན་ཆད་མེད་པ་དང་རིམ་པ་བཞིན་ཐག་གཅོད་ཡག་པོ་བྱེད་དགོས། རང་རྟོགས་དང་རང་འགུལ་ངང་ས་ཁུལ་དབར་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་སོགས་གནད་དོན་ཐག་གཅོད་བྱེད་པ་དང་། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་གཏོང་མཐའ་འཁྱོངས་བྱེད་པ། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་ཕྱོགས་ཁག་གི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པ། གྲོང་གསེབ་དང་། གཞི་རིམ། དར་རྒྱས་འགྲོ་འགོར་བའི་ས་ཁུལ་བཅས་དང་དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་སྐྱོང་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་དམངས་ཡོངས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་ལ་དངོས་ཡོད་ཀྱི་ལས་འགན་ཞིག་ཀྱང་ཡིན་པས། ངེས་པར་དུ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་སྟེ། ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ངང་དམིགས་ཚད་དེར་ཕྱོགས་ནས་དེ་བས་དགེ་མཚན་ལྡན་ལ་ནུས་པ་ཐོན་པའི་འབད་བརྩོན་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་མཛུབ་ཁྲིད་དང་ཁྲིད་སྟོན་བྱེད་དགོས་ལ། སྒྱུར་བཅོས་ཟབ་གཏོང་བརྒྱུད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་ཡང་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རང་རྒྱལ་གྱི་ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་ཀྱི་བྱེད་པོའི་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་ཟིན་པས། ད་ཆ་ཤུགས་རྒྱག་ས་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་རྒྱུར་དམིགས་ཏེ། མ་ལག་འདུས་གྲུབ་དང་གནད་སྨིན་ཇུས་བསྟར་ཐད་འཇོག་དགོས། ད་ཡོད་ཀྱི་སྒྱུར་བཅོས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་གཞི་ཚུགས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། མུ་མཐུད་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེ་བས་གནད་སྨིན་ངང་སྒྱུར་བཅོས་ཀྱི་ཇུས་གཞི་འདོན་པ་དང་དེ་བས་ཕྱོགས་ཡོངས་ཀྱི་སྒོ་ནས་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་ངེས་པར་དུ་མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་སྤྱི་འདོམས་བཅས་བྱས་ནས་སྔ་བལྟས་ཕྱི་བསམ་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག ཁྱོན་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ་དང་།
   རྒྱལ་ནང་ལ་གཞི་ཚུགས་པ། འཛམ་གླིང་ལ་རྒྱང་ལྟ་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལས་རང་རྒྱལ་ལ་ཐེབས་པའི་ཤུགས་རྐྱེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ནས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ལ་བབ་བསྟུན་ཡང་བྱེད་མཁས་པོ་དགོས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་རྒྱལ་ནང་འཕེལ་རྒྱས་ཆེད་ཁོར་ཡུག་ཡག་པོའང་གཏོད་དགོས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། “རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ནས། གཞི་ཁྱོན་རང་བཞིན་གྱི་ཕྱི་ནས་འགོ་བ་དང་ནང་དུ་བསྐྱར་ལོག་གི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྔོན་དཔག་དང་བརྡར་ཤ་གཅོད་མཁས་པོ་བྱེད་པ། རྒྱུན་མཐོང་མིན་པ་དང་རྒྱུན་མཐོང་གི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་སྔོན་ཇུས་ཡག་པོ་འདིང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་ཆེ་རུ་གཏོང་དགོས།

  
style="display:none;"