མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལིན་ཀྲེང་གཡོད་ཨེ་ཡི་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུ་གསན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་29ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་1ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡི་2020ལོའི་ལོ་འཁོར་གྱི་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུ་གསན་བཞིན་པ།

ཟླ་1ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡི་2020ལོའི་ལོ་འཁོར་གྱི་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུ་གསན་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡི་2020ལོའི་ལོ་འཁོར་གྱི་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུ་གསན་པ་རེད། ལིན་ཀྲེང་གཡོད་ཨེ་ཡིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།
   ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོའི་རྐྱེན་གྱིས་ད་ཐེངས་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་ཁྱེད་ཀྱི་2020ལོའི་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུ་ཉན་རྒྱུ་ཡིན། ངས་དང་ཐོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཐོན་ནས་ལོ་གཅིག་ལྷག་ཙམ་སོང་རིང་འཛམ་གླིང་ལ་རྡབ་རྡེག་ཚབས་ཆེན་ཕོག་ཡོད་ལ། ཚད་མཐོའི་སྒོ་དབྱེའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོང་ཁྱེར་ཞིག་ཡིན་པའི་ཤང་ཀང་ལའང་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད། དུས་མཚམས་གོང་མར་ཤང་ཀང་དུ་རིམས་ནད་ཐེངས་བཞི་པ་ཐོན་ནས་གྲོང་མིའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་ལ། ཚང་མའི་ལས་ཀ་དང་འཚོ་བར་ཡང་དཀའ་ངལ་དང་རྙོག་དྲ་མང་པོ་བཟོས་ཡོད། ངས་དོན་དེར་དོ་ཁུར་དང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ཡོད་ལ་ད་དུང་མུ་མཐུད་སྤྱད་དེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཚང་མས་གདེང་ཚོད་བརྟན་པོ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་དགོས། མེས་རྒྱལ་ནི་ནམ་ཡང་ཤང་ཀང་གི་སྲ་བརྟན་འགྱུར་མེད་ཀྱི་རྒྱབ་རྟེན་ཡིན་པས་མིག་སྔའི་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས། ལོ་གཅིག་རིང་། ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“སྲོལ་ཡིག་བཟོ་བཅོས་ཀྱི་ཟིང་ཆ”དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ངན་པ་བཅས་ལས་བྱུང་བའི་རྡབ་རྡེག་ཚབས་ཆེན་མང་པོར་བབ་བརླིང་ངང་ཁ་གཏད་བཅག་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་སྒྲིག་ལམ་སྲུང་སྐྱོང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དམངས་ཀྱི་དཀའ་ངལ་སེལ་བ། དཔལ་འབྱོར་སླར་གསོ་བཅས་བྱས་པར་གྲུབ་འབྲས་ངེས་ཅན་ཐོབ་ཡོད། ལྷག་པར་དུ་བརྗོད་དགོས་པ་ཞིག་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཟོས་ནས་ཁྱབ་བསྒྲགས་བྱས་རྗེས། ཁྱེད་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་མཐའ་གཅིག་ཏུ་ལག་བསྟར་དང་ཁྲིམས་བཞིན་གཏུམ་འགོག་ཟིང་བཅོས་བྱས་ནས་ཤང་ཀང་སླར་ཡང་རྒྱུན་གཏན་ལྟར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་དང་འབྲེལ་བའི་ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དུ་ཁྱེད་ཀྱིས་ལངས་ཕྱོགས་བརྟན་པོ་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ། རྒྱལ་གཅེས་ཤང་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་དང་ཤང་ཀང་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་གང་ལེགས་མཚོན་པར་བྱས་ཡོད། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འགན་འཁྲི་གཙང་སྒྲུབ་བྱས་པའི་རྣམ་འགྱུར་ལ་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས། ཤང་ཀང་ཟང་ཟིང་དུ་གྱུར་པ་ནས་བཅོས་སྐྱོང་ཐུབ་པའི་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་དག་ལས་གནས་ལུགས་ཟབ་མོ་ཞིག་བསྐྱར་དུ་གསལ་བཤད་ཐུབ་ཡོད་དེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་པོའི་ངང་ཡར་རྒྱས་ཐུབ་པའི་འགན་ལེན་བྱེད་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ“རྒྱལ་གཅེས་པས་ཤང་ཀང་བཅོས་སྐྱོང”བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་རེད། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་ལ་ཤང་ཀང་ཡུན་རིང་གྲ་རྒྱས་བརྟན་ལྷིང་ཡོང་བའི་གཞི་རྩའི་རྩ་དོན་དང་ཡང་འབྲེལ་བ་ཡོད། “རྒྱལ་གཅེས་པས་ཤང་ཀང་བཅོས་སྐྱོང”ཐུབ་ཚེ་ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་གཞི་ནས་དོན་འཁྱོལ་ནུས་ལྡན་ཐུབ་རྒྱུ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་རྩ་ཁྲིམས་ལམ་ལུགས་དང་སྒྲིག་ལམ་གཞི་ནས་སྲུང་སྐྱོང་ནུས་ལྡན་ཐུབ་རྒྱུ། གཏིང་ཟབ་པའི་གནད་དོན་སྣ་ཚོགས་གཞི་ནས་ཐག་གཅོད་ནུས་ལྡན་ཐུབ་རྒྱུ། ཤང་ཀང་གཞི་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུ་བཅས་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཀྱང་འབུལ་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་ད་དུང་ལིན་ཀྲེང་གཡོད་ཨེ་བརྒྱུད་ཨ་རིའི་ཁུངས་ལུང་མེད་པའི་བཀག་སྡོམ་ཕོག་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་ངའི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་ཞུ་རོགས་ཞེས་གསུངས་པ་རེད།
   ལིན་ཀྲེང་གཡོད་ཨེ་ཡིས། ཀྲུང་དབྱང་གིས་ཤང་ཀང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོ་དམ་བཅོས་སྐྱོང་ཚོགས་པའི་སྣེ་ཁྲིད་དེ་ནུས་ཤུགས་གང་ཡོད་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པ་དང་ཞུམ་པ་མེད་པར་དཀའ་ངལ་ཁྱད་བསད་བྱས་ནས་ཤང་ཀང་སླར་ཡང་མདུན་ཕྱོགས་སུ་བསྐྱོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"