མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱ་ཆེའི་གཞོན་ནུར་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་05ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་རང་འཕེལ་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
     འཕྲིན་ལན།
    ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་བཟོ་སྐྲུན་གྱི་གཞོན་ནུ་ཚོགས་པའི་བློ་མཐུན་རྣམ་པ།
   ཁམས་བཟང་། འཕྲིན་ཡིག་བཀླགས་རྗེས། ངས་ལོ་9ཡི་གོང་དུ་ཁྱེད་ཚོའི་སར་གཞོན་ནུ་ཚན་རིག་ཞིབ་འཇུག་མི་སྣ་དང་སྤེལ་རེས་བྱས་པའི་གནས་ཚུལ་དྲན་བྱུང་། ལོ་9ཡི་རིང་། སུམ་རྩེན་དང་། བྱང་སྐར་སྤུན་བདུན། ཟླ་བའི་ལྷ་མོ་བཅས་ནས་མཁའ་མཐུན་དང་། མཁའ་འདྲི། ཤིས་ཧོ་བཅས་བར། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་བཏོད་པ་མ་ཟད། འཇིག་རྟེན་འཕུར་སྐྱོད་ཀྱི་གཞོན་ནུ་འབོར་ཆེན་ཞིག་གིས་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
   འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་མི་རབས་ནས་མི་རབས་བར་མུ་མཐུད་འབད་འཐབ་བྱེད་པར་བརྟེན་དགོས། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་ཚད་བརྒལ་བྱེད་ཕོད་པ་བྱས་ཏེ། འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོའི་ངོ་མཚར་དང་བཀྲག་མདངས་མངོན་པར་བྱས་ནས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་རང་འཕེལ་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།
   ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ། ངས་ཁྱེད་ཚོ་དང་འཇིག་རྟེན་འཕུར་སྐྱོད་འཐབ་ཕྱོགས་ཀྱི་གཞོན་ནུ་བློ་མཐུན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན།
                                                                                                                                                                                                  ཞི་ཅིན་ཕིང་།
                                                                                                                                                                              2022ལོའི་ཟླ་5ཚེས་2ཉིན།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེར་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་2ཉིན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་བཟོ་སྐྲུན་གྱི་གཞོན་ནུ་ཚོགས་པར་འཕྲིན་ལན་སྤྲིངས་ནས་འཇིག་རྟེན་འཕུར་སྐྱོད་འཐབ་ཕྱོགས་ཀྱི་གཞོན་ནུ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཁོང་ཚོར་ཐུགས་རེ་ཟབ་མོ་བཏོན་གནང་བ་རེད།
   ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་བཀླགས་རྗེས། ངས་ལོ་9ཡི་གོང་དུ་ཁྱེད་ཚོའི་སར་གཞོན་ནུ་ཚན་རིག་ཞིབ་འཇུག་མི་སྣ་དང་སྤེལ་རེས་བྱས་པའི་གནས་ཚུལ་དྲན་བྱུང་། ལོ་9ཡི་རིང་། སུམ་རྩེན་དང་། བྱང་སྐར་སྤུན་བདུན། ཟླ་བའི་ལྷ་མོ་བཅས་ནས་མཁའ་མཐུན་དང་། མཁའ་འདྲི། ཤིས་ཧོ་བཅས་བར། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་བཏོད་པ་མ་ཟད། འཇིག་རྟེན་འཕུར་སྐྱོད་ཀྱི་གཞོན་ནུ་འབོར་ཆེན་ཞིག་གིས་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་མི་རབས་ནས་མི་རབས་བར་མུ་མཐུད་འབད་འཐབ་བྱེད་པར་བརྟེན་དགོས། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་ཚད་བརྒལ་བྱེད་ཕོད་པ་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོའི་ངོ་མཚར་དང་བཀྲག་མདངས་མངོན་པར་བྱས་ནས། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་རང་འཕེལ་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    2013ལོའི་ཟླ་5ཚེས་4ཉིན། ཞི་ཅིན་ཕིང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ནས“ཀྲུང་གོའི་ཕུགས་འདུན་སྒྲུབ། ལང་ཚོའི་འགན་འཁྲི་འཁུར”བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་ཏེ་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བའི་མཚམས་སུ། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་བཟོ་སྐྲུན་གྱི་གཞོན་ནུ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཚོགས་པ་དེའི་གཞོན་ནུ་ཁྲི་བརྒྱད་ཀྱི་ཚབ་ཞུས་ནས་ལོ་9ཡི་རིང་ལས་འགན་ལྕི་པོ་འཁུར་ཕོད་པ་བྱས་ནས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་སེང་ཞུས་ཏེ། འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་ཆེད་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་པར་བྱས་པ་རེད།

  
style="display:none;"