མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་15ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལས་གནས་བརྟན་དུ་དང་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་པའི་སྲིད་ཇུས་དང་བྱ་ཐབས་བཀོད་སྒྲིག་གནང་ནས་ལས་ཞུགས་སྤྱི་ཡོངས་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ལས་ཞུགས་ནི་དམངས་འཚོའི་དོན་ཆེན་ཨང་དང་པོ་དང་དཔལ་འབྱོར་གྱི་སྤྱི་ཡོངས་བརྟན་པོ་ཡོང་བར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ལས་ཞུགས་ཐུབ་ན་གཞི་ནས་རྒྱུ་ནོར་གསོག་ཐུབ་པ་དང་ཡོང་འབབ་འཕར་ནས་འཛད་སྤྱོད་དང་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་ཐུབ། འདི་ལོ་ནས་བཟུང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བས། ཟླ་6པའི་ལས་ཞུགས་ཀྱི་དུས་བབ་དེ་ཟླ་4པ་དང་5པ་ལས་ལེགས་སུ་ཕྱིན་མོད། འོན་ཀྱང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ལས་འགན་སྔར་བཞིན་ལྕི་བས། ལས་ཞུགས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་བརྟན་པོ་ཡོང་བར་བརྟེན་ནས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས་ཤིང་། གཅིག་ནས་མུ་མཐུད་ཁྲོམ་རའི་བྱེད་པོ་འགན་སྲུང་བྱས་ཏེ་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས། ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་དང་དོན་འཁྱོལ་གྱི་འགག་གནད་བསལ་ནས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་རྒྱུ་ནར་འགྱངས་དང་། ལས་གནས་བརྟན་པོའི་ཁ་གསབ་ཕྱིར་སློག ལས་ཞུགས་ཀྱི་ཁ་གསབ་སོགས་ཀྱི་ལས་དོན་མཉམ་དུ་སྒྲུབ་དགོས་པ་དང་། གཉིས་ནས་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་བྱེད་ཐབས་སྔར་བས་མང་བ་སྤྱད་དེ་ལས་ཞུགས་ཀྱི་ལས་གནས་མང་དུ་གཏོང་དགོས། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་འཛོམས་པའི་བཙུགས་མ་ཐག་པའི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ལས་གཏོད་ཁག་ཐེག་དངུལ་བུན་མཐོ་ཤོས་སྒོར་ཁྲི་20མུ་མཐུད་གཏོང་དགོས་པ་དང་འབྲེལ་ནོར་སྲིད་ཀྱི་སྐྱེད་གསབ་སྤྲོད་དགོས། ས་གནས་སྲིད་གཞུང་གིས་མ་དངུལ་བཏོན་ནས་སྐྱོང་གསོ་རྟེན་གཞིར་བཙུགས་མ་ཐག་པའི་ཁེ་ལས་ཀྱི་ས་ཆའི་བོགས་དངུལ་སོགས་ཀྱི་འགྲོ་གྲོན་དམའ་རུ་གཏོང་རོགས་བྱེད་དགོས། གསུམ་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་པར་དམ་འཛིན་ཡག་པོ་བྱེད་དགོས། གཏན་འཁེལ་ཟིན་པའི་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། དྲ་ཕྱི་ནས་ལས་མི་བསྡུ་བའི་ལས་དོན་གང་མགྱོགས་སླར་གསོ་བྱེད་དགོས།
    སྲིད་ཇུས་བཏོན་ནས་ཞབས་འདེགས་ཕྱིར་འགན་གཙང་སྤྲོད་པའི་ཐོན་ལས་ཀྱིས་སློབ་ཐོན་སློབ་མ་བསྡུ་བར་རྒྱབ་སྐྱོར་བྱེད་དགོས། ལས་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མར“མི་གཅིག་ལ་སྲིད་ཇུས་གཅིག”ལག་བསྟར་བྱས་ནས་བར་མཚམས་མི་ཆད་པའི་རོགས་སྐྱོར་ཞབས་འདེགས་ཞུ་དགོས། གུད་གསབ་ལས་སྤྲོད་ལག་བསྟར་ཡག་པོ་བྱེད་དགོས། ལས་ཞུགས་གཅིག་ཀྱང་ཐུབ་མེད་པའི་ཁྱིམ་ཚང་ལ་མ་མཐར་ཡང་མི་གཅིག་གང་མགྱོགས་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས། བཞི་ནས་ངལ་རྩོལ་བ་འདྲ་མཉམ་ངང་ལས་ཀར་ཞུགས་པའི་ཁེ་དབང་འགན་སྲུང་བྱེད་དགོས། ལས་ཞུགས་བྱེད་སྐབས་དེ་སྔ་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པ་གང་ཞིག་ད་ཆ་དྲག་སྐྱེད་བྱུང་བར་མཐོང་ཆུང་བྱེད་རིགས་གཏན་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ངལ་རྩོལ་འགན་སྲུང་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་མཐོང་ཆུང་གི་སྣང་ཚུལ་ཐོན་རིགས་ཐག་གཅོད་ནན་པོ་བྱེད་དགོས། ལྔ་ནས་ས་གནས་སྲིད་གཞུང་གིས་ལས་ཞུགས་བརྟན་པོ་ཡོང་བའི་བྱེད་པོའི་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་ཞུགས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། ས་གནས་ཀྱི་ལས་ཞུགས་ལས་ཀར་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་དུ་སྟབས་བསྟུན་ལས་ཞུགས་མི་སྣ་དུང་ཕྱུར་2ལྷག་ཙམ་ཡོད། སྟབས་བསྟུན་ལས་ཞུགས་ཀྱིས་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་མ་ཟད། ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་འགྲོ་བར་ཡང་ཕན་པ་ཡོད་པས་འགན་ལེན་དང་ཞབས་འདེགས་ལ་ཤུགས་སྣོན་རྒྱག་དགོས། གཅིག་ནས་སྟབས་བསྟུན་ལས་ཞུགས་མི་སྣ་ལས་ཞུགས་བྱ་ཡུལ་དུ་ལས་བཟོའི་གཞི་རྩའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ལ་ཞུགས་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་ལས་སྟེགས་ལ་བརྟེན་ནས་འགན་བཅོལ་ལ་ཞུགས་པའི་ཐོ་བཀོད་དེ་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བ་དང་། གཞན་སྒྱུར་འཕྲོ་མཐུད། ཡུལ་གཞན་དུ་སྨན་བཅོས་སོགས་ཀྱི་ཐད་སྟབས་བདེ་རུ་གཏོང་དགོས། མཐོ་རིམ་སློབ་ཐོན་སློབ་མ་དང་ལས་ཞུགས་དཀའ་ངལ་ཡོད་མཁན་སོགས་སྟབས་བསྟུན་ལས་ཞུགས་པར་གཏན་འབེབས་ལྟར་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྤྲོད་དགོས་པ་དང་། གཉིས་ནས་སྟབས་བསྟུན་ལས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། ལས་མི་སྤྱོད་པའི་བྱེད་པོའི་འགན་འཁྲི་ལས་གཡོལ་བ་དང་གླ་ཆ་འགྱངས་ཆད་བྱས་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་གི་ཚོད་ལྟ་ལག་བསྟར་ཡག་པོ་བྱེད་དགོས། གསུམ་ནས་ལས་ཀ་ཙག་ཙིག་གི་ཁྲོམ་ར་འཛུགས་སྐྲུན་མགྱོགས་སུ་བཏང་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིས་གླ་ཆ་མི་དགོས་པར་ལས་ཀ་ཙག་ཙིག་མཁོ་འདོན་འབྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་དགོས་པ་དང་། ཆ་རྐྱེན་འཛོམས་པའི་སྟབས་བསྟུན་ལས་ཞུགས་མི་སྣར་གསོ་སྦྱོང་བྱེད་དགོས་པ་མ་ཟད། གསོ་སྦྱོང་གི་ཁ་གསབ་དང་གསོ་སྦྱོང་བྱེད་རིང་གི་འཚོ་བའི་ཁ་གསབ་སྤྲོད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། འཛད་སྤྱོད་ནི་མཐའ་མའི་དགོས་མཁོ་ཡིན་ཞིང་། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཕན་པ་ཡོད་པ་མ་ཟད། ལས་ཞུགས་དང་། མ་དངུལ། ཐོན་ལས་བཅས་ཀྱི་རིམ་སྤོར་ལ་སྐུལ་ཁྲིད་ཀྱང་བྱེད་ཐུབ། ཁྲོམ་ར་ཅན་དང་རྒྱུན་མཐུད་ཆོག་པའི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་རྒྱ་སྐྱེད་གཏོང་བར་སྣང་ཆེན་བྱས་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་ནུས་པ་གཙོ་བོ་སྔར་ལས་ལྷག་པར་བཏོན་ཏེ་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། འབྱུང་འཕྲོད་རིག་ནུས་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་གང་མགྱོགས་འདོན་དགོས་ཤིང་། གཅིག་ནས་རྒྱལ་ཡོངས་སུ་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་དང་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྤྱོད་རྒྱུ་ཁྱབ་གདལ་བཏང་སྟེ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་མ་དངུལ་དང་སྲིད་ཇུས་ནས་རྒྱབ་སྐྱོར་བྱེད་པར་ལྕག་སྐུལ་བྱེད་དགོས། ལག་བསྟར་བྱེད་རིང་རྒྱལ་ཡོངས་ཀྱི་གཅིག་གྱུར་སྒོ་དབྱེའི་ཁྲོམ་ར་ཆེན་པོ་སྲུང་སྐྱོང་བྱས་ནས་དྲང་གཞག་འགྲན་རྩོད་འགན་སྲུང་བྱེད་དགོས་པ་དང་། གཉིས་ནས་འབྱུང་འཕྲོད་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་སྒྲིག་སྦྱོར་དང་ཉམས་བཟོ་སོགས་ཀྱི་རྒྱུན་འཁོར་ཧྲིལ་པོའི་ཞབས་འདེགས་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུ་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲའོ་སྟོང་གི་འོད་སྐུད་དྲ་སྦྲེལ་ལས་གྲྭ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་དང་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་རྒྱ་ཆེར་གཏོང་བར་འདེགས་སྐྱོར་བྱེད་དགོས།

  
style="display:none;"