མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧན་གོའི་ཙུང་ཐུང་དབྱིན་ཞི་གཡོད་ཀྱིས་ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་26ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧན་གོའི་ཙུང་ཐུང་དབྱིན་ཞི་གཡོད་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོ་ནི་རྒྱ་མཚོ་གཅིག་གིས་བར་ཆོད་པའི་ཁྱིམ་མཚེས་ཡིན་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཧན་གོའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་ཆེན་པོ་བསྐྲུན་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་ཐོན་ནས་འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་དུས་སྐབས་གསར་པར་སླེབས་ཡོད། འགག་རྩའི་དུས་སྐབས་འདིར་ཀྲུང་ཧན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་ཚེ་གཞི་ནས་ཉམས་ཉེན་ལས་རྣམ་པར་རྒྱལ་ཐུབ་པ་དང་དཀའ་གནད་ལས་སྒྲོལ་ཐུབ། ཀྲུང་གོ་དང་ཧན་གོ་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་བྱེད་དགོས། ངས་ཀྲུང་ཧན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཐུང་དབྱིན་ཞི་གཡོད་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧན་ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། འགོག་རྐྱེན་སེལ་བ། མཛའ་གྲོགས་རྨང་གཞི་བརྟན་དུ་གཏོང་བ། མཉམ་ལས་ལ་དམིགས་པ་བཅས་བྱས་ཏེ་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པ་ཐུན་མོང་ཐོག་གཏོད་པ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     དབྱིན་ཞི་གཡོད་ཀྱིས་རྟེན་འབྲེལ་འཕྲིན་ཡིག་ནང་ཧན་གོ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་ས་འབྲེལ་ཡིན་པ་དང་ལོ་རྒྱུས་དང་རིག་གནས་དབར་གྱི་འབྲེལ་བ་ཡུན་རིང་ལྡན་ཡོད། 1992ལོར་ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། རྒྱལ་ཁབ་གཉིས་པོའི་ལོ་རེའི་ཚོང་དོན་དངུལ་གྲངས་ལྡབ་50ཙམ་འཕར་བ་དང་། མི་སྣ་འགྲོ་འོང་བྱེད་ཚད་ལྡབ་བཅུ་གྲངས་ཁ་ཤས་འཕར་བ། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་དབར་ཕན་ཚུན་ཤེས་རྟོགས་ཐུབ་ཡོད། དེ་ནི་གཙོ་བོ་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་འབད་བརྩོན་དང་རྒྱལ་དམངས་ཀྱི་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་རེད། ཟླ་3ཚེས་25ཉིན་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་ཞལ་པར་ཐོག་ནས་བཀའ་མོལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ནས་ཧན་གོ་དང་ཀྲུང་གོ་དབར་གྱི་འབྲེལ་བ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་རྨང་གཞིར་བྱས་ཏེ་མཉམ་ལས་ཀྱི་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་འཐུས་ཚང་དང་སྐྱོན་བྲལ་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། དེར་བརྟེན་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་མཁོ་སྤྲོད་འཁོར་འབྲེལ་སོགས་དཔལ་འབྱོར་བདེ་འཇགས་དང་། ཁོར་ཡུག གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་ངོ་བོའི་རང་བཞིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་ཀྱིས་དངོས་སུ་མྱོང་ཚོར་ཐུབ་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཧན་གོའི་རྒྱལ་དོན་ཙུང་ལི་ཧན་ཏེ་ཀྲུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོ་དང་ཧན་གོ་ནི་ཡུན་རིང་གི་ཁྱིམ་མཚེས་ཤིག་ཡིན་ལ་འབྲལ་ཐབས་མེད་པའི་མཉམ་ལས་རོགས་ཟླ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧན་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱ་འདོད་ཡོད་ཅེས་གསུངས་པ་རེད། ཧན་ཏེ་ཀྲུའུ་ཡིས་ཧན་གོའི་སྲིད་གཞུང་གསར་པ་བཙུགས་ཚུན་ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་སྤེལ་རེས་ཟབ་མོ་བྱས་ཡོད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་། མཁོ་སྤྲོད་འཁོར་འབྲེལ་དང་། རིག་གནས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་དུས་མཚམས་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"