མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའོ་ལང་ཏེ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའོ་ལང་ཏེ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༦ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་པུའུ་ལི་སི་པན་གྲོང་ཁྱེར་དུ་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའོ་ལང་ཏེ་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོའི་ཟླ་༣པར་ཁོ་བོས་ཧྥ་རན་སེ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་བྱས་ཤིང་། ང་ཚོས་མཉམ་དུ་སྔར་ལས་དམ་ཞིང་རྒྱུན་སྲིང་གི་ཀྲུང་ཧྥ་རྒྱལ་ཁབ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བའི་དུས་རབས་གསར་པ་གཏོད་རྒྱུའི་གྲོས་ཐག་བཅད་པ་ཡིན། འདས་པའི་ལོ་ཕྱེད་ཀྱི་རིང་ལ་ང་ཚོའི་བར་ངོས་འཛིན་གཅིག་མཐུན་རབ་དང་རིམ་པ་བྱུང་བ་དག་ཧུར་བརྩོན་ཆེན་པོས་དོན་ཐོག་ཏུ་ནུས་ལྡན་འཁྱོལ་བར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཡང་ཕྱོགས་ཡོངས་ནས་རིམ་སྤར་འཕེལ་རྒྱས་མགྱོགས་མྱུར་གཏོང་བཞིན་ཡོད། ཉིང་རྡུལ་གློག་ཤུགས་དང་། དངུལ་རྩ། ཉོ་འཚོང་བཅས་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་༥༠འཁོར་བའི་དྲན་གསོ་ཞུ་བའི་བྱེད་སྒོ་ཐེངས་༨༠༠ལས་བརྒལ་བ་སྤེལ་བ་རེད། ཕྱོགས་གཉིས་ཀས་མུ་མཐུད་དུ་ཀྲུང་ཧྥ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཧུར་བརྩོན་ཡར་སྐྱེད་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། འཐབ་ཇུས་དང་། ནོར་དངུལ། རིག་གནས་ལ་སོགས་པའི་གླེང་མོལ་དང་མཉམ་ལས་བྱ་རྒྱུའི་ལམ་སྲོལ་གྱི་ཕན་ནུས་བཀོལ་སྤྱོད་བཟང་པོ་བྱས་ཏེ་དངོས་གཉེར་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་པའི་ཐད་གྲུབ་འབྲས་གཡུར་ཟ་བ་ཐོབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སེའི་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱས་ནས་ཨའེ་པོ་ལ་ཡམས་ནད་འགོག་བཅོས་བྱེད་རོགས་བྱེད་པ་དང་། ཧྥ་རན་སེའི་ཕྱོགས་ཀྱིས་༢༠༡༥ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་འཚོག་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཆེན་པོ་ཐོབ་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བསྟན་པ་རེད།