མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་
འཛིན་ལྷན་ཚོགས་ཀྱི་འཐུས་མི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་11ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་
འཛིན་ལྷན་ཚོགས་ཀྱི་འཐུས་མི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་ཨུ་རུ་སུའི་ཨུ་ཧྥ་རུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་སོགས་ཐུན་མོང་ཐོག་ཞུགས་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་འོག་འབོ་གསེར་རྒྱལ་ཁབ་ལ་འགྲན་སློང་གསར་པ་འཕྲད་པ་དང་ཆབས་ཅིག་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་གཞི་ཆེན་པོ་དང་། དཔལ་འབྱོར་མཉམ་ལས་སྔར་བཞིན་བྱེད་གཞི་ཆེན་པོ་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་དུས་སྐབས་གལ་ཆེར་སླེབས་པས་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་རིགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་མ་གཏོང་ཆེད་ཁ་གཏད་གཅོག་པ་དང་། རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་དེ་སྐས་རིམ་དེ་བས་མཐོ་བར་སླེབས་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་འབོ་གསེར་ཁོངས་མིའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱིས་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་སྟེགས་བུ་དེ་ལེགས་པར་སྤྱད་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཁེ་ལས་དེ་བས་མང་བ་ཞིག་གིས་དམ་པ་དོན་གཉེར་གྱི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་མ་གཏོང་བ། སྲིད་གཞུང་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་གཞུང་ལ་ཐབས་དང་ཇུས་ཧུར་ཐག་འདོན་པ་བཅས་བྱས་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འཐབ་ཇུས་དོན་འཁྱོལ་བྱེད་ཆེད་འབད་བརྩོན་བྱེད་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་ཀྱིས་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་རིགས་ཀྱིས་མཉམ་ལས་ཧུར་ཐག་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་བ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་རྩ་ཆེན་འབུལ་རིམ་ཡོད། འབོ་གསེར་རྒྱལ་ཁབ་ནི་རྒྱལ་སྤྱིའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་ཆབས་ཅིག་རང་རང་སོ་སོར་ཁྱད་ཆོས་ལྡན་པ་དང་། དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་འོག་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཞིང་ལས་དང་། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་སྐབས་ཆེན་པོ་འཕྲད་ཡོད། འབོ་གསེར་ཁོངས་མིའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་བཟོ་ཚོང་ལས་རིགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་སྤྱིའི་དཔལ་འབྱོར་ནང་གི་འབོ་གསེར་རྒྱལ་ཁབ་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།
         ཨུ་རུ་སུའི་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཐེ་ལིན་གྱིས་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་ཞིང་། ཁོང་གིས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་རྒྱལ་ཁབ་ཁག་གིས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གྱི་སྙིང་སྟོབས་ལ་གཞིགས་ཏེ་མཉམ་ལས་ལ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། མིག་སྔར་ཚོང་ལས་དང་། དངུལ་རྩ། ཚོགས་འགྲེམས། ཆ་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་བཞིན་ཡོད། རྒྱལ་ཁབ་ཁག་གི་ཁེ་ལས་ལས་རིགས་ཀྱིས་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་སྟེགས་བུ་དེ་སྤྱད་ནས་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་ཆེད་དུ་ཐུན་མོང་ཐོག་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་པ་རེད།