མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་དང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་
དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ། ལྟ་ཞིབ་པའི་རྒྱལ་
ཁབ་བཅས་དང་དེ་བཞིན་གདན་ཞུ་དང་ལེན་རྒྱལ་ཁབ་ཀྱི་འགོ་ཁྲིད་
པའི་སྐད་ཆ་ཤོད་རེས་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་12ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་དང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་
དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ། ལྟ་ཞིབ་པའི་རྒྱལ་
ཁབ་བཅས་དང་དེ་བཞིན་གདན་ཞུ་དང་ལེན་རྒྱལ་ཁབ་ཀྱི་འགོ་ཁྲིད་
པའི་སྐད་ཆ་ཤོད་རེས་ཚོགས་འདུར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་འབོ་གསེར་རྒྱལ་ཁབ་དང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ། ལྟ་ཞིབ་པའི་རྒྱལ་ཁབ་བཅས་དང་དེ་བཞིན་གདན་ཞུ་དང་ལེན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཚོགས་འདུ་དེ་ཨུ་རུ་སུའི་ཨུ་ཧྥ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་། པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མ་དང་དེ་བཞིན་ཨར་མེ་ཉི་ཡའི་ཙུང་ཐུང་སའར་ཅི་ཞང་དང་། ཨ་ཧྥུ་ཀ་ནི་ཐན་གྱི་ཙུང་ཐུང་ཅ་ཉི། བྷེ་ཨ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ། དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཧྥུའུ། མོང་གོལ་རྒྱལ་ཁབ་ཀྱི་ཙུའུ་ཐུང་ཨེ་ལེ་པའེ་ཀེ་ཏའོ་འར་ཅི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལི་མོ་ཧྥུའུ་སོགས་ཚོགས་འདུར་ཞུགས་པ་རེད།
         ཚོགས་ཞུགས་འགོ་ཁྲིད་པ་ཚོས་མི་དམངས་ཀྱི་བདེ་སྐྱིད་ཚོར་སྣང་ཆེ་རུ་གཏོང་རྒྱུའི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་གྲོས་བསྡུར་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་སྐོར་གྲོས་བསྡུར་བྱས་པ་རེད།
        ཞིས་ཅིན་ཕིང་གིས་གསུང་གཤད་གནང་སྐབས་འབོ་གསེར་རྒྱལ་ཁབ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་བཅས་ནི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གལ་ཆེན་ལྡན་པའི་མཉམ་ལས་ཀྱི་ལམ་སྲོལ་ཞིག་རེད། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་མཉམ་འཛོམས་བྱས་པ་དེས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་མཚོན་ཡོད། ཚོགས་ཞུགས་རྒྱལ་ཁབ་ཁག་ལ་ལོ་རྒྱུས་སྲོལ་རྒྱུན་དང་། རིག་གནས་རྒྱབ་ལྗོངས། སྤྱི་ཚོགས་ལམ་ལུགས་བཅས་མི་འདྲ་བ་ཡོད་ཀྱང་ཕྲག་ཐོག་ཏུ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད་པས་འཐབ་ཇུས་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ་མཉམ་ལས་གཉིས་ཁེའི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་རྒྱུན་སྲིང་བརྟན་ལྷིང་གི་བདེ་འཇགས་རྣམ་པ་དང་། གཉིས་ཕན་གཉིས་ཐོབ་ཀྱི་འཕེལ་རྒྱས་རྣམ་པ། རྩ་མང་འབུར་གཟུགས་ཀྱི་སྦྲེལ་མཐུད་རྣམ་པ། སྒོ་དབྱེ་བཟོད་སྒོམ་གྱི་ས་ཁོངས་མཉམ་ལས་རྣམ་པ་བཅས་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་རྗེས་ཕྱོགས་ཁག་གིས་ཚུར་སྣང་ལན་ཆ་ཧུར་ཐག་བྱས་ཡོད། ཉེ་དུས་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་བསམ་ཚུལ་ལ་དམིགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་མཉམ་ལས་ཀྱི་རྣམ་གྲངས་ཞིབ་ཕྲ་དོན་འཁྱོལ་བྱེད་པར་དངོས་སུ་སྐུལ་འདེད་གཏོང་གི་ཡོད། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་དར་གོས་ལམ་བུའི་ཐེབས་རྩ་བཙུགས་པ་ནི་དེའི་ནང་གི་བྱ་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཁག་གིས་བཏོན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་སམ་ཡང་ན་གྲོས་འགོ་མང་པོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མཐུན་ས་མི་ཉུང་བ་ཡོད་པར་བརྟེན་གཉིས་ཁེ་མཉམ་ལས་ངང་ཐུན་མོང་ཐོག་འཕེལ་རྒྱས་རྦད་དེ་གཏོང་ཐུབ་ཞེས་གསུངས་པ་རེད།
         ཕུའུ་ཅིང་སོགས་ཚོགས་འདུར་ཞུགས་མཁན་འགོ་ཁྲིད་པ་གཞན་གྱིས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་གསར་དར་དཔལ་འབྱོར་དངོས་ཚན་མང་པོ་ཡོད། འབོ་གསེར་རྒྱལ་ཁབ་དང་ས་ཁུལ་དེ་གའི་རྒྱལ་ཁབ་ལ་གཅིག་མཚུངས་ཀྱི་འཕེལ་རྒྱས་ལས་འགན་འཕྲད་ཡོད་པས་འགོ་ཁྲིད་པའི་དབར་འབྲེལ་མཐུད་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་དབར་སྒྲིལ་ཤུགས་ཤིག་ཆགས་ནས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་འཇོག་པར་ཕན་པ་ཡོད་ལ་སྣ་མང་ཅན་ལ་སྐུལ་འདེད་གཏོང་བར་ཕན་པའང་ཡོད། ང་ཚོས་ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་དབུལ་ཕོངས་དང་རྗེས་ལུས་མེད་པ་བཟོ་རྒྱུར་འབད་བརྩོན་བྱེད་པ་དང་། ས་ཁུལ་གྱི་ཕན་ཚུན་འབྲེལ་མཐུད་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པ། ཚོང་དོན་དང་མ་འཇོག་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གཉིས་ཁེ་མཉམ་ལས་བྱས་པ་བརྒྱུད་རང་ངོས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ལག་གདང་སྦྲེལ་ནས་འཇིགས་སྐུལ་རིང་ལུགས་དང་དུག་རྫས་སོགས་རྒྱལ་ཁབ་ལས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་དགོས། འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དེས་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ལ་སྐུལ་མ་གཏོང་བར་ཕན་པ་ཡོད་ཅེས་བཤད་པ་རེད།